ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས29ཉིན་གྱི་དགོང་མོ། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་པེ་ཅིན་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་སྒྲོག་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་།

ཚོགས་འདུ་ལས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཧ་ཅང་གལ་ཆེ་བའི་གྲོས་ཚོགས་ཤིག་ཡིན། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《གཏན་འབེབས》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་གཟབ་ནན་ངང་སྐྱོང་བའི་རླབས་ཆེན་གྲུབ་འབྲས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱེད་པ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་གཟབ་ནན་ངང་སྐྱོང་བའི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་བྱེད་པ། ཏང་འཛུགས་སྐྱོང་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ། འགྲན་སློང་གསར་པ་བཅས་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་ཏང་གཟབ་ནན་ངང་སྐྱོང་བར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བར་འཐབ་ཇུས་བཀོད་སྒྲིག་བྱེད་པ་བཅས་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གྲྭ་གསར་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་གང་ལེགས་སྒོས་མཚོན་པ་དང་། དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་དང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་སྔར་བས་གཏོད་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་སྐུལ་འདེད་གཏོང་རྒྱུར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ཡུན་རིང་གི་མཛུབ་ཁྲིད་དོན་སྙིང་ལྡན་ཡོད། 

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། དྲིལ་སྒྲོག་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་སྒྲོག་འགྲེལ་དང་། ཞིབ་འཇུག་འགྲེལ་བཤད། ལག་བསྟར་དོན་འཁྱོལ་སོགས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ལེགས་པར་བསྒྲུབས་ཏེ། ནུས་ཤུགས་ཡོད་རྒུས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།