ཟླ10པའི་ཚེས28ཉིན། གསར་འགོད་པས་ཞིང་ཆེན་ཚོང་དོན་ཐིང་ནས་རྒྱུས་ལོན་བྱས་པ་ལྟར་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ཁྲོམ་རར་སྤྱི་ཡོངས་ནས་གནོན་ཤུགས་ཐེབས་རུང་མུ་མཐུད་དུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་ནང་གནས་ཁྱད་ཆོས་འབུར་ཐོན་ཡིན་ལ། འཛད་སྤྱོད་ཁྲོམ་རའི་ཡིད་ཆེས་བརྟན་པོའི་ངང་སླར་གསོ་བྱུང་། ཟླ་དང་པོ་ནས་དགུ་པའི་བར་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཐེར་ཆེན་བདུན་ཐེར་འབུམ་ལྔ་དུང་ཕྱུར་གཉིས་བྱེ་བ་ལྔ་མངོན་འགྱུར་བྱས།
དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་གྱི་གཞི་གྲངས་གྲུབ་ཚུལ་ལ་བལྟས་ན། རྫོང་ཁོངས་ཚོང་ལས་ཀྱི“བརྒྱ་གཉིས་ཀྱིས་ཁེ་ལས་ལ་རོགས་རམ་དང་དམངས་ཕན”སྤུས་ལེགས་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན། གྲོང་གསེབ་ཀྱི་ཚོང་དོན་འཁོར་རྒྱུག་གི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ཁ་གསབ་བྱས་པ་དང་། ཞང་དང་གྲོང་རྡལ་གྱི་ཚོང་དོན་ལྟེ་གནས་དང་གྲོང་ཚོ་རིམ་པའི་དམངས་ཕན་ཚོང་ཁང་སོགས་མཁོ་སྤྲོད་སྦྲེལ་ཐག་མཐུད་སྦྱོར་གྱི་ནུས་པ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ཞིང་། སྣ་སོ་སོའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་སྣོན་བརྩེགས་བྱས་ཏེ་རྫོང་ཁོངས་དང་ཞིང་འབྲོག་ཁུལ་དུ་རྒྱ་བསྐྱེད་ཡོད་ལ། གྲོང་གསེབ་ཀྱི་འཛད་སྤྱོད་ནུས་པ་བརྟན་པོའི་ངང་ཕྱིར་འདོན་བྱས་ཡོད། ད་ལོ་ནས་བཟུང་གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་བསྟུད་མར་འཕར་ཞིང་ཟླ་དང་པོ་ནས་དགུ་པའི་བར་ན་ནིང་གི་དུས་མཉམ་ལས1.5%འཕར་ཡོད།
མཚོ་སྔོན་མཐོ་སྒང་གི་ས་ཁོངས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཤིང་སྲིད་ཇུས་ཀྱི་སྣེ་ཁྲིད་འོག་ཟླ་དང་པོ་ནས་དགུ་པའི་བར་གྲངས་བཅད་ཡན་གྱི་སྡེབ་ཚོང་དང་སིལ་ཚོང་སྡེ་ཁག་གི་གྱོན་ཆོག་པའི་རིག་ནུས་སྒྲིག་ཆས་དང་། རིག་ནུས་ཁ་པར། ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་ཆས་རིགས་ཀྱི་ཚོང་ཟོག་སིལ་ཚོང་བྱེད་ཚད་སོ་སོར་ལྡབ18.8དང་། 38.0%དང42.5%བཅས་འཕར་ཡོད་ལ། ཟླ9པར་ནུས་ཁུངས་གསར་པའི་རླངས་འཁོར36.8%འཕར་ཡོད།
གཞན་ཡང་ཞིང་ཆེན་རིམ་པས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཟོང་རྟགས་ལ་བརྟེན་ནས། མཚོ་སྔོན་དུ་ཉོ་སྒྲུབ་བྱེད་པའི་མུ་འབྲེལ་དྲ་ཐོག་ཏུ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། གྲངས་བཅད་ཡན་གྱི་སྡེབ་ཚོང་དང་སིལ་ཚོང་སྡེ་ཁག་གི་དྲ་རྒྱའི་སིལ་ཚོང་བྱེད་ཚད་བསྟུད་མར་ཟླ་དགུ་ལ་གྲངས་གནས་གཉིས་ཡན་དུ་འཕར་བ་རྒྱུན་བསྐྱངས་ལ། ཟླ1པོ་ནས9པའི་བར་ན་ནིང་གི་དུས་མཉམ་ལས61%འཕར་ཡོད།