མཚོ་སྔོན་གྱིས་ཆུ་བོའི་འགོ་ཁུངས་བཅོས་སྐྱོང་བྱས་ནས་དྭངས་གཙང་ཆུ་བོའི་དཔེ་རིས་གསར་པ་བྲིས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ད་ལོ་ནི་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་ལོ་བཅུ་འཁོར་བའི་ལོ་ཡིན། ལོ་བཅུའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཆུ་བེད་སྡེ་ཁག་གིས་ཆུ་འགོའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ལ་དམ་པོར་དམིགས་ནས། སྒྲིག་སྲོལ་དང་ལམ་ལུགས་གཏན་འབེབས་དང་འགན་འཁྲི་གཟབ་ནན་དུ་གཏོང་བ་ནས་དོ་དམ་སྲུང་སྐྱོབ་བྱེད་སྟངས་གསར་གཏོད་བྱས་པ་དང་མ་ལག་ལྡན་པའི་ངང་ཉམས་གསོ་བྱས་ཏེ། ཞིང་ཆེན་ཡོངས་ལ་ཁྱབ་ཅིང་རིམ་པ་སོ་སོར་ཆད་ལྷག་མེད་པའི་ཆུ་བོའི་དོ་དམ་སྲུང་སྐྱོབ་དྲ་བ་ཞིག་ཕྱོགས་ཡོངས་ནས་ཆགས་པར་བྱས། མཚོ་སྔོན་པོའི་འགྲམ་ངོགས་ནས་རྨ་ཆུའི་འགྲམ་ངོགས་བར། རྩྭ་ཐང་དང་མཚེའུ་ནས་གྲོང་ཁྱེར་དང་བརླན་སའི་བར། ཆུ་བོ་བཅོས་སྐྱོང་གི་རིགས་ལམ་བསམ་ཕྱོགས་ཟམ་མི་ཆད་པར་ལེགས་སྒྱུར་བྱུང་ནས། ཆུ་བོའི་དོ་དམ་སྲུང་སྐྱོབ་ཀྱང་སྔོན་ཆད་དོ་དམ་བྱེད་མཁན་ཡོད་པ་ནས་ད་ལྟ་དོ་དམ་ཡག་པོ་བྱུང་བར་གྱུར། དེ་རིང་། ཆུ་བོ་དང་མཚེའི་བདེ་འཇགས་ཀྱིས་མཚོ་སྔོན་བརྒྱན་ཞེས་པའི་མུ་འབྲེལ་གསར་འགྱུར་གྱི་ལེའུ་གཉིས་པར་ཅིག་བལྟ།

སྟོན་མཇུག་ལ་སླེབས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གི་གསེར་མཚེའུ་རུ་གྲང་ངར་ཇེ་ཆེ་ཞིང་། མཚེའུ་ནང་དུ། ཆུ་བྱ་བཅུ་ཕྲག་ཁ་ཤས་ཀྱིས་རྩེད་མོ་རྩེ་ཞོར་གཟན་འཚོལ་བཞིན་ཡོད་ལ། དེས་མཐོ་སྒང་གི་སྟོན་ཁར་གསོན་ཤུགས་བསྩལ་ཡོད།  2021ལོར། མདའ་བཞི་རྫོང་གིས་མི་སྣ་རིགས་ལྔའི་གཅིག་སྒྲིལ་བཅོས་སྒྱུར་བྱས་ཏེ། ཆུ་བོ་དང་མཚེའུ་ཡི་དོ་དམ་སྲུང་སྐྱོབ་པ་དང་། སྐྱེ་ཁམས་དྲ་མིག་པ། རྩྭ་ཐང་དོ་དམ་སྲུང་སྐྱོབ་པ། ནགས་ལས་དོ་དམ་སྲུང་སྐྱོབ་པ། སྡེ་བ་རིམ་པའི་གཙང་སྦྲ་བ་བཅས་དཔུང་ཁག་གཅིག་ཏུ་སྡེབ་སྒྲིག་བྱས། གཅིག་གྱུར་གྱིས་གདམ་གསེས་ལས་བསྐོ་དང་། གཅིག་གྱུར་གྱིས་གསོ་སྦྱོང་། གཅིག་གྱུར་གྱིས་དཔྱད་ཞིབ་བྱས་ནས། སྡེ་ཁག་བར་གྱི་བཀག་རྒྱ་གཏོར་བ་དང་གཞི་གཅིག་ཅན་གྱི་དོ་དམ་སྲུང་སྐྱོབ་མངོན་འགྱུར་བྱས་ནས། ས་གནས་ཀྱི་དོ་དམ་སྲུང་སྐྱོབ་པ237གཞི་རིམ་དོ་དམ་སྲུང་སྐྱོབ་ཀྱིའཇོན་མི་གྱུར།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་མཁར་ཟུར་གསུམ་གྲོང་རྡལ་ཞི་ཚ་སྡེ་བའི་སྡེ་དམངས་ཀྲང་ཡུང་ཧའེ་ཡིས་བཤད་རྒྱུར།ང་སྔོན་ཆད་ནགས་སྲུང་བ་ཞིག་ཡིན། བྱ་བ་འདི་ལས་ནས་ལོ་བཅུ་ལྷག་འགོར་སོང་། སྔོན་ཆད་དེ་ནི་ཞོར་ལས་ཙམ་ཡིན་ཏེ། སྔ་དྲོ་དང་དགོང་མོར་ད་རུང་ཞོར་ལས་ལ་འགྲོ་དགོས། ད་ལྟའི་བྱ་བ་འདི་ཅུང་བརྟན་པོ་རེད། ད་ལྟའི་འདི་ཆེད་འགན་བྱ་བ་རེད། ཟླ་རེར་སྒོར་3263ཡོད། འཚོ་བའི་འགན་སྲུང་ཡོད་པར་གྱུར་ནས་བྱ་བ་སྒྲུབ་སྐབས་བློ་བདེ་མོ་རེད། ད་ལྟ་ང་ཚོའི་ཆུ་ལམ་ཇེ་ཡངས་སུ་གྱུར་ཡོད་པ་དང་། ཁོར་ཡུག་ཀྱང་ཇེ་ཡག་ཏུ་གྱུར་ཡོད། དུས་བྱ་ཇེ་མང་དུ་གྱུར་བ་དང་། རི་སྐྱེས་སྲོག་ཆགས་ཀྱང་ཇེ་མང་དུ་གྱུར་ཡོད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་རྨ་ཆུའི་འགྲམ་ངོགས་སུ། སྔོན་ཆད། ས་འདིར་ཆུ་བོའི་དུམ་མཚམས་ཁ་ཤས་ཀྱི་འགྲམ་རྒྱུད་མཐའ་མཚམས་དང་ཆུ་ལམ་དོ་དམ་ཁྱབ་ཁོངས་གསལ་བོ་མིན་པ། འགྲམ་རྒྱུད་བཙན་བཟུང་དང་། དངོས་པོ་གང་བྱུང་དུ་སྤུང་བ། དོ་དམ་ཚོད་འཛིན་གནད་འཁེལ་བྱེད་དཀའ་བའི་དཀའ་གནད་ཡོད་དེ། ཆུ་ལམ་གང་ཡིན་པ་དང་འགྲམ་རྒྱུད་གང་ཡིན་པའི་དོགས་པ་དེ་རྒྱུན་ལྡན་གྱི་སྐོར་སྲུང་བྱ་བའི་དཀའ་ངལ་ཞིག་ཡིན།

ཆུ་དཔོན་ལམ་ལུགས་ལག་བསྟར་བྱེད་འགོ་བརྩམས་པའི་དུས་འགོར། མཚོ་སྔོན་ཞིང་ཆེན་ཆུ་བེད་སྡེ་ཁག་གིས་མཐའ་མཚམས་དབྱེ་བ་དེ་བྱ་བ་སྒྲུབ་པའི་འཇུག་སྒོར་བྱས་ཏེ། ཁྲི་ཀ་རྫོང་དུ་ཆུ་བོ་དང་མཚེའུ་ཡི་ཆུ་ཁོངས་འགྲམ་རྒྱུད་ཀྱི་འགན་དབང་གཏན་འཁེལ་དང་མཐའ་མཚམས་དབྱེ་བའི་བྱ་བ་ཕྱོགས་ཡོངས་ནས་སྤེལ། རྫོང་ཁོངས་ནང་གི་ཆུ་བོ45ལ་རེ་རེ་བཞིན་མཐའ་མཚམས་དབྱེ་འབྱེད་བྱས་ཞིང་། མཐའ་མཚམས་འབྱེད་རྟགས་དང་ཡོངས་བསྒྲགས་བྱང་བུ་བཙུགས་ནས། ཆུ་བོ་དང་མཚེའུ་ཡི་དོ་དམ་ཁྱབ་ཁོངས་དོན་འཁྱོལ་བྱས། ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་བར་སྟོང་གི་དམར་ཐིག་དབྱེ་འབྱེད་བྱས་པར་བརྟེན་ནས། ཆུ་བོ་དང་མཚེའུ་ཡི་དོ་དམ་སྲུང་སྐྱོབ་ཀྱི་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མཐའ་མཚམས་ཁ་གསལ་བཟོས། ཆུ་ལམ་དོ་དམ་ལ་དབྱེ་མཚམས་ཡོད་པ་དང་འགན་འཁྲི་ལ་གཞི་འཛིན་ས་ཡོད་པར་བྱས།

​མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཆུ་བེད་ཅུས་ཀྱི་ལས་འཛིན་པ་ཝང་ཏེ་ཀྲི་ཡིས་བཤད་རྒྱུར།མིག་སྔར་ཆུ་བོ30ཡི་ཆུ་ལམ་དོ་དམ་ཁྱབ་ཁོངས་ཀྱི་མཐའ་མཚམས་དབྱེ་འབྱེད་བྱས་ཟིན་པ་དང་། ཆུ་ལམ་དོ་དམ་ཁྱབ་ཁོངས་ནི་ཆུ་ལོག་འགོག་པའི་ཚད་གཞི་ལྟར་དབྱེ་འབྱེད་གཏན་འཁེལ་བྱས། ཆུ་རགས་ཡོད་སའི་ཆུ་མཚམས་སུ། ཆུ་རགས་དང་ཆུ་རགས་སྲུང་ས། ཆུ་ལོག་འཕུད་སའི་ཁྱབ་ཁོངས་ལྟར་དབྱེ་འབྱེད་བྱས་པ་དང་། ཆུ་རགས་མེད་པའི་ཆུ་མཚམས་སུ། ལོ་རྒྱུས་ཐོག་གི་ཆུ་ལོག་གི་ཆུ་གནས་མཐོ་ཤོས་ལ་གཞིགས་ནས་མཐའ་མཚམས་གཏན་འཁེལ་བྱས། མཐའ་མཚམས་དབྱེ་བའི་བྱ་བ་ཡིས་ཆུ་བོ་དང་མཚེའུ་ཡི་དོ་དམ་སྲུང་སྐྱོབ་ཀྱི་མཐའ་མཚམས་ཁ་གསལ་བཟོས་ནས། འགྲམ་རྒྱུད་ཀྱི་དོ་དམ་ཚོད་འཛིན་དང་། ཆུ་བོ་དང་འབྲེལ་བའི་ལས་གཞིའི་ཞིབ་མཆན་འགོད་རྒྱུ། ཆུ་ལམ་གྱི་བྱེ་འདོན་ལྟ་སྐུལ་དོ་དམ། ཆུ་དོན་རྩོད་གཞི་བར་འདུམ་སོགས་ཀྱི་བྱ་བ་ལ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་གཞི་འཛིན་ས་མཁོ་འདོན་བྱས།

ཆུ་བོ་དང་མཚེའུ་ཡི་དོ་དམ་སྲུང་སྐྱོབ་ལ་མཚོན་ན། འབྱུང་རྩ་གཞི་རིམ་དང་གནད་འགག་དུས་རྒྱུན་ལ་རག་ལས།  ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་ཀྱི་ཨེར་ཧྲི་ལི་ཕུའུ་གྲོང་རྡལ་དུ། བྱང་གཞོང་ཆུ་བོ་གྲོང་དཀྱིལ་བརྒྱུད་ནས་བཞུར་བཞིན་ཡོད་ལ། གྲོང་ཁྱེར་དང་ཡུལ་ཚོའི་འབྲེལ་མཚམས་སུ་ཆུ་རྐ་དང་མི་མང་པོ་འདུས་ཡོད་པས།  གནས་འདིའི་ཆུ་བོ་དང་མཚེའུ་ཡི་དོ་དམ་སྲུང་སྐྱོབ་བྱེད་སྟངས་ལ་ཡང་དེ་དང་བསྟུན་ནས་འགྱུར་ལྡོག་བྱུང་ཡོད། ལས་སྒྲུབ་མི་སྣས་རིག་ནུས་ཆུ་བེད་སྤྲིན་མཛོད་ཀྱིAPPསྤྱད་དེ། ཡུལ་དངོས་སུ་པར་ལེན་དང་དུས་ཐོག་ཏུ་ཡར་ཞུ་བྱས་ཏེ། ལག་ལེན་ལ་བརྟེན་ནས་འགྲམ་ངོགས་སྔོ་ལྗང་ལྡན་ཞིང་ལྗོངས་རྣམ་མཛེས་པའི་གྲོང་ཁྱེར་གྱི་རྣམ་པར་སྲུང་སྐྱོབ་བྱས། 

ལོ་བཅུའི་རིང་།  མཚོ་སྔོན་གྱིས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ནས་ཞིང་ཆེན་དང་གྲོང་ཁྱེར།  རྫོང་།  ཞང་།  གྲོང་གསེབ་བཅས་རིམ་པ་ལྔའི་ཆུ་དཔོན་མ་ལག་བསྐྲུན་ཏེ།  ཆུ་དཔོན5750དང་ཆུ་བོ་དོ་དམ་སྲུང་སྐྱོབ་པ16559བཀོད་སྒྲིག་བྱས་ཤིང་།  ཡུས་ཧྲུའུ་དང་མགོ་ལོག་སོགས་གཙང་བོའི་འབྱུང་ཡུལ་ས་ཁུལ་གྱི་རྟ་ཐོག་གི་ཆུ་དཔོན་དང་།  འཕྲུལ་རྟའི་སྐོར་སྲུང་རུ་ཁག    མདོ་ལ་རིང་མོའི་ལྷོ་འདབས་བར་དམ་ཆུ་བོའི་འགོ་ཁུངས་སྲུང་སྐྱོབ་མཐུན་ཚོགས་སོགས་དམངས་ཁྲོད་ཀྱི་ཆུ་བོ་དོ་དམ་སྲུང་སྐྱོབ་རུ་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ནས།  ཞིང་ཆེན་ཡོངས་ཀྱི་ཆུ་བོའི་རྣམ་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་གཙང་བའི་འབྱུང་ཡུལ་གྱི་ཆུའི་སྐྱེ་ཁམས་ཀྱི་བདེ་འཇགས་འགོག་སྲུང་ཇེ་བརྟན་དུ་བཏང་།  ལོ་བཅུའི་ལག་ལེན་གྱིས་མཚོ་སྔོན་གྱི་ཆུ་དཔོན་ལམ་ལུགས་དེ་མིང་ཡོད་པ་དང་འགན་འཁྲི་ཡོད་པ་ནས་ནུས་པ་ཡོད་པ་དང་བྱེད་ནུས་ཡོད་པའི་བར་འགྱུར་ལྡོག་བྱུང་ནས།   ཆུ་བོ་རེ་རེར་དོ་དམ་བྱེད་མཁན་ཡོད་པ་དང་དོ་དམ་བྱེད་ཐུབ་པ།  དོ་དམ་ལེགས་པོ་བྱས་ནས་་གཙང་ཆུ་སྔོན་མོ་ཤར་དུ་བཞུར་བའི་སྐྱེ་ཁམས་ཀྱི་རྨང་གཞི་གསལ་བར་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།