མཚོ་སྔོན་གྱིས་སྲུང་སྐྱོབ་གཙོ་བོར་འཛིན་རྒྱུ་རྒྱུན་མཁྱོངས་བྱས་ཏེ་ལོ་རྒྱུས་རིག་གནས་ཀྱི་རྒྱུན་དེ་གྲོང་ཁྱེར་གྱི་འཕེལ་རྒྱས་ཁྲོད་འདྲེས་པར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ལོ་རྒྱུས་རིག་གནས་ནི་གྲོང་ཁྱེར་གྱི་བླ་སྲོག་ཡིན་ལ།  ལོ་ཟླའི་དྲན་པ་ཉར་གསོག་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་གལ་ཆེན་གྱི་ཐེག་གཟུགས་ཤིག་ཡིན།  ཉེ་བའི་ལོ་ཤས་རིང་།  མཚོ་སྔོན་ཞིང་ཆེན་གྱིས་སྲུང་སྐྱོབ་དང་པོར་འཛིན་པ་དང་གང་ནུས་ཀྱིས་སྲུང་སྐྱོབ་བྱེད་པ།  བེད་སྤྱོད་ཀྱིས་སྲུང་སྐྱོབ་ལ་སྐུད་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཤིང་།  རྒྱུན་མཐུད་དེ་བར་སྟོང་ཡོངས་ལ་ཁྱབ་པ་དང་རྒྱུ་རྐྱེན་གཙོ་བོ་ཡོངས་འདུས་པ།  དུས་རིམ་ཡོངས་སྦྲེལ་མཐུད་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ལོ་རྒྱུས་རིག་གནས་སྲུང་སྐྱོབ་མ་ལག་སྐྲུན་ཏེ།  རིག་གནས་རྒྱུད་འཛིན་དེ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་རིམ་ཧྲིལ་བོར་འདྲེས་པར་བྱས།  

གསེར་དངུལ་ཐང་དུ་རླུང་བུ་དལ་གྱིས་ལྡང་ཞིང་ལོ་དང་ཟླ་ཡིས་གནས་འདིར་རྡོ་རིང་བཞེངས།  དུས་རབས་ཕྱེད་ཀ་ཙམ་གྱི་སྔོན་ལ།  ཕྱོགས་བཞི་མཚམས་བརྒྱད་ནས་འབྱོར་བའི་ཚན་རིག་ཞིབ་འཇུག་གི་བྱ་བ་སྒྲུབ་མཁན་་སྐོར་ཐེངས་རེ་རེས་གསེར་དངུལ་རྩྭ་ཐང་དུ་རང་མིང་སྦས་ཏེ་རྒྱལ་ཁབ་ཀྱི་མཚོན་ཆ་གལ་ཆེན་བཟོས་ཤིང་།  འོད་སྟོང་འབར་བའི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཞུན་བརྡར་བྱས།  གསོན་ཉམས་འབུམ་གྱིས་ཕྱུག་པའི་རྡུལ་ཕྲན་གྲོང་དུ་ཕྲེང་སྦྲེལ་ཞིང་ཆ་ཚང་བའི་བཟོ་ལས་ཀྱི་ཁང་བརྩེགས་མང་པོ་སོར་འཇོག་བྱས་ཡོད་པ་དེ།  མདའ་བཞིས་རྒྱལ་ཁབ་ལོ་རྒྱུས་རིག་གནས་ཀྱི་མིང་དུ་གྲགས་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ཐུན་མོང་མ་ཡིན་པ་དང་འདྲ་བཟོ་བྱེད་མི་ཐུབ་བའི་རིན་ཐང་གི་རྩ་བར་གྱུར་ཡོད།   

སྲང་ལམ་བརྒྱུད་དེ་སྔོན་དུ་བསྐྱོད་ཚེ།  ཞི་ཧེ་ཁྲོམ་ཆེན་དང་རྡུལ་ཕྲན་ལམ་གཉིས་ཀྱི་ལོ་རྒྱུས་རིག་གནས་སྲང་ཁུལ་དུ་གསོན་ཉམས་ལྡན་པའི་ལོ་ཟླའི་རི་མོ་ཞིག་བཀྲམ་ཡོད།  སྲང་ཁུལ་གཉིས་ནི་དུས་རབས་གོང་བའི་ལོ་རབས་ལྔ་བཅུ་བར་སྐྲུན་འགོ་བརྩམ་པ་དང་།  རྒྱལ་གཉེར་གཉིས་གཉིས་གཅིག་བཟོ་གྲྭའི་ཆ་ཚང་བའི་ཐོན་སྐྱེད་དང་འཚོ་བའི་སྒྲིག་བཀོད་ཁུལ་ཡིན་ལ།  སྡོད་ཁང་གི་ར་བ་དང་རིག་གནས་སློབ་གསོའི་གནས་ཡུལ།  ཚོང་ལས་ས་ཚིགས་བཅས་ཚང་མ་འཛོམས་ཡོད།  སོ་ཕག་དང་རྫ་གཡམ་རེ་རེ་དང་།  ཁང་བ་དང་སྡོད་ཁང་རེ་རེ་ཚང་མར་ཚན་རིག་ཞིབ་འཇུག་མི་སྣས་མཐོ་སྒང་དུ་གཞི་ཚུགས་པ་དང་དཀའ་སྤྱད་འབད་བརྩོན་བྱས་པའི་དྲན་པ་འཁུར་ཡོད།  ད་སྐབས།  གསར་བརྗེའི་ལོ་རྒྱུས་རིག་གནས་སྲང་ཁུལ་འདིས་སྲུང་སྐྱོབ་རང་བཞིན་གྱི་གསར་སྒྱུར་ལེགས་འགྲུབ་བྱས་པ་དེ།  མདའ་བཞིས་རྒྱལ་ཁབ་ལོ་རྒྱུས་རིག་གནས་ཀྱི་མིང་དུ་གྲགས་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་སྲོག་ཤིང་ཐེག་གཟུགས་སུ་གྱུར།  

ཡུལ་སྐོར་བ་ཏུན་ལྕམ་མོས་བཤད་རྒྱུར།

སྲང་ལམ་ཡོངས་སུ་བཟོ་ཁུལ་གྱི་ཐོག་མའི་རྣམ་པ་སོར་འཇོག་བྱས་ཡོད་ལ།  སོ་ཕག་དམར་པོའི་ཨར་ལས་དང་དུས་རབས་ཀྱི་འབོད་ཚིག་ཚང་མར་ལྷག་ཏུ་ལོ་རབས་དེའི་ཚོར་བ་ལྡན་པ་དང་ནང་དོན་ཕུན་སུམ་ཚོགས་པ་དེས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱས་ཡོད་པ་མ་ཟད་མཐོ་སྒང་ལོ་རྒྱུས་ཀྱི་རྨང་ཉམས་སུ་མྱོང་ཐུབ།

ཁྲོམ་གཞུང་ཉམས་གསོ་བྱེད་པའི་སྐབས་སུ།  མདའ་བཞི་རྫོང་གིས་གཞི་རྒྱ་ཆེན་པོས་བཤིག་པ་དང་བསྐྲུན་པ། གང་འདོད་དུ་བཟོ་བཅོས་རྒྱག་ཐབས་བཅས་དོར་ཏེ། སྲུང་སྐྱོབ་སྔོན་ལ་འཇོག་པ་དང་ཐེ་གཏོགས་ཆེན་པོ་མི་བྱེད་པའི”རྩ་དོན་བརྩི་སྲུང་ནན་མོ་བྱས་ནས།  སོ་ཕག་དམར་པོའི་གྱང་དང་ལག་འབོད་ཚིག གསར་བརྗེའི་མཚོན་རྟགས་སོགས་དུས་རབས་སྔོན་མའི་མཚོན་རྟགས་སོར་འཇོག་བྱས་ཤིང་། དུས་མཚུངས་སུ་ས་འོག་སྦུག་ལམ་སྒྱུར་བཀོད་དང་། གཞུང་ལམ་གྱི་སྤུས་ཚད་མཐོར་འདེགས།  ལྗང་བསྒྱུར་མཐོར་གཏོང་སོགས་ཀྱི་གྲོང་སྲིད་ལས་གྲྭ་དུས་མཉམ་དུ་དོན་འཁྱོལ་བྱས་ནས། ལོ་རྒྱུས་ཀྱི་ཐོག་མའི་རྣམ་པ་སོར་འཇོག་བྱས་པ་མ་ཟད།  དེང་རབས་ཀྱི་མིའི་འཚོ་བ་དང་འཚམ་པར་བྱས་ཏེ། ལོ་རྒྱུས་ཀྱི་ཉམས་འགྱུར་དང་དམངས་འཚོའི་བདེ་སྡོད་གཉིས་ཀ་མཉམ་འཛིན་བྱས། 

མཚོ་བྱང་ཁུལ་མདའ་བཞི་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུས་ཀྱི་མཁར་གྲོང་ལས་སྒྲུབ་པ་ཏུའུ་དབྱིང་ཙེང་གིས་བཤད་རྒྱུར། 

སྔ་རྗེས་སུ་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་གཉིས་དང་ལོ་རྒྱུས་འཛུགས་སྐྲུན་གནས65ཡིག་ཐོག་སྙན་ཞུ་དང་ངོས་འཛིན་ལས་སྒྲུབ་བྱས་པ་ཡིན། རྩོམ་སྒྲིག་བྱས་པའི《མདའ་བཞི་རྫོང་གི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་གྱི་སྲུང་སྐྱོབ་འཆར་འགོད》དང《རྡུལ་ཕྲན་ལམ་དང་ནུབ་མཚོའི་སྲང་ལམ་ཆེན་པོའི་ཁྲོམ་གཞུང་གི་སྲུང་སྐྱོབ་འཆར་འགོད》ལ་ཞིང་ཆེན་སྲིད་གཞུང་གི་མཆན་འགོད་བཀའ་ལན་ཐོབ་པ་དང་།  ཁྲོམ་གཞུང་དང་ལོ་རྒྱུས་བཟོ་སྐྲུན་གྱི་ཐིག་ལེན་རིས་འབྲི་ཚང་མ་ལེགས་གྲུབ་བྱུང་། 2026ལོའི་ཟླ་དང་པོར་གྲོང་ཁྱེར་གྲགས་ཅན་གྱི་རེ་ཞུའི་ལས་དོན་ཞིང་ཆེན་རིམ་པའི་དཔྱད་ཞིབ་ཀྱི་ཚད་གཞིར་ཐོན། 

ཤུལ་བཞག་རྒྱུ་ནོར་སྲུང་སྐྱོབ་བྱེད་པར་བེད་སྤྱོད་གང་འཚམ་བྱས་ན། ད་གཟོད་གསར་བརྗེའི་ཤུལ་བཞག་ལ་གསོན་ཤུགས་འཕེལ་ཐུབ། མདའ་བཞི་རྫོང་གིས་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་གཏོད་པའི་ལག་ལེན་ནི་མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་ལས་དོན་གྱི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་ཡིན། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་མཁར་གྲོང་གི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྲོལ་རྒྱུན་གྱི་རྣམ་པ་དང་སྲང་ལམ་ཆགས་སྟངས། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རྣམ་པ་བཅས་སོར་འཇོག་བྱས་ཏེ། གནའ་བོའི་རྣམ་པ་མི་ཉམས་པ་དང་རིག་གནས་ཀྱི་རྩ་བ་རྒྱུན་མཐུད་ཐུབ་པ།  དམངས་འཚོར་དངོས་ཕན་ཐོབ་པ་བཅས་མངོན་འགྱུར་བྱས་ནས།  རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་ལམ་བུའི་སྟེང་བསྐྱོད་ཀྱིན་ཡོད། 

མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིང་གྲོང་ཁྱེར་དང་འཛུགས་སྐྲུན་ཇུས་འགོད་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ལེ་ཡིས་བཤད་རྒྱུར། 

ང་ཚོས་རྩེ་རིམ་ཇུས་འགོད་རྒྱུན་ཆད་མེད་པར་འཐུས་ཇེ་ཚང་དུ་བཏང་སྟེ། རྒྱུན་རྣམ་ཅན་གྱི་སྒོ་ནས་བརྟག་དཔྱད་དཔྱད་དཔོག་དང་། མིང་ཐོ་སྤྱི་བསྒྲགས། གྲངས་འཛིན་ཡིག་ཚགས་བཟོ་བ། མིང་བྱང་བཀལ་ནས་སྲུང་སྐྱོང་བཅས་བྱས་ཤིང་། གྲོང་ཁྱེར་གསར་སྒྱུར་ཁྲོད“ཡག་ཐོག་ཡག་བརྩེགས་”དང་“འཁེལ་འཐག་རྣམ་པའི”བཟོ་བཀོད་ཕྲ་མོ་དང་། གཞི་ཁྱོན་ཆུང་བ། རིམ་བགྲོད་རྣམ་པའི་ཉམས་གསོ་བཅས་བྱས་ཏེ།  རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་པ་ཡིན། ང་ཚོས་སྤྱི་ཚོགས་ལས་རིགས་སོ་སོ་མཉམ་དུ་མཁར་གྲོང་གི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ལས་དོན་ནང་ཞུགས་ནས། མཐོ་སྒང་གི་རིག་གནས་གཅེས་ནོར་ལ་སྲུང་སྐྱོབ་དང་རྒྱུན་འཛིན། འཕེལ་རྒྱས་བཟང་པོ་གཏོང་དགོས་པའི་འབོད་སྐུལ་ཀྱང་བསྒྲགས་པ་ཡིན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།