ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཆེད་དོན་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས27ཉིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཆེད་དོན་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་ཨུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་ཏེ། བགྲོ་གླེང་བརྗེ་རེས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་སྲིད་གྲོས་ཀྱི་གྲོས་གཞི་ཨུ་ཡོན་ལྷན་ཁང་། མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་ཚང་མས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད། ཚང་མས་བསམ་རྒྱུར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་འགན་འཁྲི་སྒྲུབ་མ་ཐག ཞིང་ཆེན་སྲིད་གྲོས་ལས་ཁུངས་དང་དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ལ་དངོས་བཅར་རྟོག་ཞིབ་བྱས་པ་དང་། ལས་བྱེད་པ་དང་ལས་བཟོ་པར་འཚམས་འདྲི་བྱས་ཏེ། གནས་ཚུལ་ངོ་སྤྲོད་ལ་ཉན་པ་དང་། བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱེད་པ། ལས་ཀའི་བླང་བྱ་བཏོན་པ་བཅས་ཀྱི་ཐོག་ནས། ཞིང་ཆེན་ཏང་ཨུས་མི་དམངས་སྲིད་གྲོས་ཀྱི་ལས་དོན་དང་ཏང་མང་མཉམ་ལས་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཞིང་ཆེན་སྲིད་གྲོས་དང་དམངས་གཙོའི་ཏང་ཁག་ཁག་སོ་སོའི་ཞིང་ཆེན་ཏང་ཨུ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་པར་ཐུགས་ཁུར་ཟབ་བཞེས་གནང་བ་མཚོན་ཐུབ།

​མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། གཏམ་བཤད་ནང་འདུས་པའི་ཆབ་སྲིད་ཀྱི་ནང་དོན་དང་ལག་ལེན་གྱི་བླང་བྱར་གོ་བ་ཟབ་མོ་ལེན་པ་དང་། ཞིང་ཆེན་ཡོངས་ཀྱི“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལེགས་ཆ་འདོན་སྤེལ་གང་ལེགས་བཅས་བྱས་ནས། བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱའི་སྟེང་ནས་གཅིག་གྱུར་དོན་ལྡན་ཡོང་བར་བྱས་ཏེ། སྲིད་ཞུགས་སྲིད་གླེང་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་གྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མཐུན་སྦྱོར་ལམ་སྲོལ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། ཞབས་ཞུར་འགན་ལེན་ཡག་པོ་བྱེད་པ། བློ་རྩེ་གཅིག་སྒྲིམ་གྱིས་གྲོས་མོལ་སྲིད་གླེང་གི་སྟེགས་བུ་ཡག་པོ་བསྐྲུན་པ། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་འཁྲི་སྒྲུབ་པར་ཆ་རྐྱེན་བཟང་པོ་སྐྲུན་དགོས། གྲོས་འདོན་སྲིད་ཞབས་ལ་རོགས་རམ་བྱེད་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས། ཕྱོགས་གཉིས་ནས་ཤུགས་སྣོན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།