སྐབས140པའི་ཀོང་ཀྲོའུ་འགྲེམ་ཚོགས་དུས་རིམ་གཉིས་པ་ཚེས27ཉིན་མཇུག་བསྡུས་ཤིང་། བསྡོམས་པས་ཁེ་ལས་ཁྲི་གཅིག་སྟོང་གཅིག་འགྲེམ་སྟོན་ལ་ཞུགས་ཡོད། དེའི་ཁྲོད་དུ་ཆེད་ལས་རྩེར་སོན་གསར་གྲས་དང་སྣ་རྐྱང་ཨང་དང་པོ་སོགས་སྤུས་ལེགས་ཁེ་ལས་3600ལས་བརྒལ་ཡོད་པ་དེ་དུས་མཉམ་ལས་ཕལ་ཆེར7.6%འཕར་ཡོད། གོ་ལ་ཧྲིལ་པོའི་ཉོ་སྒྲུབ་ཚོང་པའི་ཧེ་བག་ཅན་གྱི་ཉོ་སྒྲུབ་དགོས་མཁོར་དམིགས་ཏེ་སྣ་མང་ཉོ་སྒྲུབ་སྦྲེལ་མཐུད་བྱེད་སྒོ་དེ་སྐབས་འདིའི་ཀོང་ཀྲོའུ་འགྲེམ་ཚོགས་ཀྱི་ལེ་ལག་ཚང་བའི་ཞབས་ཞུའི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད། མིག་སྔའི་བར། སྐབས་འདིའི་ཀོང་ཀྲོའུ་འགྲེམ་ཚོགས་ཀྱིས་ཡུལ་དངོས་སུ་རིམ་རྩིས་བྱས་ན་མཁོ་སྤྲོད་དང་ཉོ་སྒྲུབ་ཀྱི་སྦྲེལ་མཐུད་བྱེད་སྒོ་ཐེངས20ཙམ་སྤེལ་བ་དང་དྲ་ཐོག་ཏུ་ཐོན་རྫས་འདེམས་པའི་བྱེད་སྒོ་ཐེངས22རྩ་འཛུགས་བྱས་ཏེ། ཁེ་ལས་ཀྱིས་གོ་ལ་ཧྲིལ་པོའི་ཁྲོམ་རར་འབྲེལ་མཐུད་བྱེད་པར་རོགས་ཤུགས་བཏོན།
ཧྥ་རན་སེའི་ཉོ་སྒྲུབ་ཚོང་པ། ཧྥུའུ་ལེ་ཏེ་ལི་ཁེ་ཡིས་བཤད་རྒྱུར། ཀྲུང་གོའི་མཁོ་འདོན་ཚོང་པའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ཁོ་ཚོས་མུ་མཐུད་བཟོ་སྐྲུན་ཞིབ་འཇུག་གསར་སྤེལ་དང་ལག་རྩལ་གསར་གཏོད་བྱེད་ཀྱི་ཡོད། རིགས་སྣ་མི་ཉུང་བ་ཞིག་གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་བཟོ་སྐྲུན་གྱི་མདུན་གྲལ་དུ་སླེབས་ཡོད། ང་ཚོ་ཀོང་ཀྲོའུ་འགྲེམ་ཚོགས་ཐོག་ཡོང་དོན་ཉོ་སྒྲུབ་ཁོ་ནའི་ཆེད་མིན་པར་གསར་གཏོད་ཀྱི་མྱོང་བ་བསྐྱེད་རྒྱུ་དང་མ་འོངས་ལོ་འགའི་རིང་གི་འཛད་སྤྱོད་གནས་བབ་ཚོད་བགམ་བྱེད་རྒྱུ་གཙོར་བཟུང་ཡོད་ཟེར།
དུས་རིམ་གཉིས་པར་ད་དུང་ཐོན་རྫས་གསར་པའི་ཐོག་མའི་འགྲེམ་སྟོན་བྱེད་སྒོ་ཐེངས178སྤེལ་ཏེ། ཐོན་རྫས་གསར་པའི་ཐོག་མའི་འགྲེམ་སྟོན་སྐབས་སྔོན་མ་ལས་ཧ་ལམ15%འཕར་ཡོད།
ཐེངས་འདིའི་ཀོང་ཀྲོའུ་འགྲེམ་ཚོགས་ཀྱི་དུས་རིམ་གསུམ་པའི་ཡུལ་དངོས་འགྲེམ་སྟོན་གྱིས“མཛེས་སྡུག་གི་འཚོ་བ”ཞེས་པ་བརྗོད་དོན་དུ་བཟུང་སྟེ། ཟླ10པའི་ཚེས31ཉིན་ནས་ཟླ11པའི་ཚེས4ཉིན་བར་འཚོག་རྒྱུ་ཡིན་ལ། དུས་ཡུན་ཉིན་ལྔའི་རིང་རྩེད་ཆས་དང་། དར་སྲོལ། ཁྱིམ་སྤྱོད་འཁེལ་འཐག་ཐོན་རྫས། ཡིག་ཆས། བདེ་ཐང་སྤྲོ་གསེང་བཅས་ཀྱི་ཐོན་རྫས་ཆེ་གྲས་རིགས་ལྔ་གཅིག་སྡུས་འགྲེམ་སྟོན་བྱ་རྒྱུ་རེད།