
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས27ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱིས2026ལོའི་ཟླ9པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་གནས་ཚུལ་སྤྱི་བསྒྲགས་བྱས་པ་རེད། ཟླ་བ་དེར་རྒྱལ་ཡོངས་སུ་ཁྱོན་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན32940ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི40122ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པའི་ནང་། མི28461ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད། འདི་ནི་བསྟུད་མར་ཟླ་བ157ལ་ཟླ་རེའི་སྙན་ཞུའི་གྲངས་གཞི་ཁྱབ་བསྒྲགས་བྱས།
ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་གྱི་རིགས་ལ་བལྟས་ན། ཟླ9པར་འགན་འཁྲི་སྒྲུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཞབས་འདེགས་ཞུ་བའི་ཐད་འགན་འཁྲི་མི་འཁུར་བ་དང་། བྱ་བ་མི་སྒྲུབ་པ། བྱ་བ་གང་བྱུང་དུ་སྒྲུབ་པ། བྱ་བ་རྫུན་མ་སྒྲུབ་པ་བཅས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ཐད་བསྡོམས་པས་གནད་དོན14475ཞིབ་བཤེར་ཐག་གཅོད་བྱས་པ་དེས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གནད་དོན་ལ་ཞིབ་བཤེར་བྱས་པའི་སྤྱི་འབོར་གྱི83.7%ལ་སླེབས་ཡོད། ཞིབ་བཤེར་ཐག་གཅོད་བྱས་པའི་སྒྲིག་འགལ་ངང་རྩ་ཆེའི་ཁྱད་ཐོན་དང་ལག་རྟགས་ལག་དངུལ་སྤྲོད་ལེན་དང་། སྒྲིག་འགལ་ངང་ཟ་འཐུང་བྱེད་པ། སྒྲིག་འགལ་ངང་ཕོགས་སྣོན་ཁ་གསབ་དམ་ཡང་ན་ཕན་བདེ་སྤྲོད་པ་བཅས་ཀྱི་གནད་དོན་རིགས་གསུམ་གྱིས་ཟླ་དེར་ཞིབ་བཤེར་ཐག་གཅོད་བྱས་པའི་སྐྱིད་འདོད་རིང་ལུགས་དང་བག་མེད་རྒྱས་སྤྲོས་ཀྱི་སྤྱོད་ཚུལ་གྱི་གནད་དོན་བསྡོམས་འབོར་ལས་སོ་སོར63.4%དང་། 18.2%།10.7%ལ་སླེབས་ཡོད།
ཞིབ་བཤེར་ཐག་གཅོད་ཀྱི་རིམ་པའི་ཐོག་ནས་བལྟས་ན། ཟླ9པར་རྒྱལ་ཡོངས་སུ་ཁྱོན་བསྡོམས་ས་ཁུལ་དང་ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པའི་གནད་དོན129དང་། རྫོང་དང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པའི་གནད་དོན1808། ཤང་དང་ཁོའོ་རིམ་པ་དང་དེའི་མན་གྱི་ལས་བྱེད་པའི་གནད་དོན31003བཅས་ཞིབ་བཤེར་ཐག་གཅོད་བྱས་ཡོད། དེའི་ནང་ཤང་ཁོའོ་རིམ་པ་དང་དེའི་མན་གྱི་ལས་བྱེད་པའི་གནད་དོན་གྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་བསྡོམས་འབོར་གྱི94.1%ལ་སླེབས་ཡོད། །