ཟླ10པའི་ཚེས22ཉིན་ནས་ཚེས26ཉིན་བར། མཚོ་སྔོན་ཞིང་ཆེན་གསར་འགྱུར་འཐབ་ཕྱོགས་ཀྱི“གསར་འགོད་པ་བཟང་པོས་གཏམ་རྒྱུད་ཡག་པོ་བཤད་པའི”སྐོར་སྐྱོད་གཏམ་བཤད་བྱེད་སྒོ་ཁེ་ལས་དང་དམག་སྒར་དུ་སྤེལ། ཞིང་ཆེན་གྱི་སྨྱན་སྦྱོར་ཁག་གི་འཐབ་ཕྱོགས་དང་པོའི་གསར་འགོད་པས“རྩལ་བཞི”ལག་བསྟར་བྱེད་པའི་བཅར་འདྲིའི་ལག་ལེན་དང་ཟུང་འབྲེལ་བྱས་ནས། མཚོ་སྔོན་དུ་རྐང་ཚུགས་པའི་ལས་ཡུལ་དང་པོའི་གཏམ་རྒྱུད་བཤད་དེ། མཚོ་སྔོན་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་མངོན་པ་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་སྒྲིལ་བྱས།
སྐོར་སྐྱོད་གཏམ་བཤད་ཁྲོད། གསར་འགོད་པ་6གིས་དངོས་སུ་བརྒྱུད་མྱོང་བའི་གཏམ་རྒྱུད་དང་བཅར་འདྲིའི་བརྒྱུད་རིམ་བཤད་ལ། སེམས་གཏིང་གི་མྱོང་ཚོར་གླེང་བ་བཅས་བྱས་ནས། ཁེ་ལས་ཀྱི་ལས་བཟོ་དང་དམག་དཔུང་གི་དཔོན་དམག་ཚོའི་ཞིང་ཆེན་གྱི་གནས་ཚུལ་ལ་ཤེས་རྟོགས་བྱེད་ཚད་ཟབ་ཏུ་བཏང་སྟེ། ཁོ་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་སྐུལ་ལྕག་བྱས།
ཀྲུང་གོའི་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་སིའི་ནུབ་བྱང་ཁུལ་ཁོངས་སྤྱི་ཁྱབ་པུའུ་རུ། གསར་འགོད་པ་ཚོས་མཐོང་ཟུར་མི་འདྲ་བ་ནས་མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་གྲུབ་འབྲས་གསར་པ་མངོན་ཏེ། གསར་འགྱུར་བྱ་བའི་གཟི་བརྗིད་ལྡན་པའི་འགན་འཁྲི་དང་འགན་འཁྲི་འཁུར་སེམས་གསལ་བཤད་བྱས།
ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་སིའི་ནུབ་བྱང་ཁུལ་ཁོངས་སྤྱི་ཁྱབ་པུའུ་ཕྱོགས་བསྡུས་དོ་དམ་པུའུ་ཡི་སྤྱི་གཉེར་བ། ལེའང་ཏུང་གིས་བཤད་རྒྱུར། ཕུགས་བསམ་ལྡན་ཞིང་དད་མོས་ཡོད་ལ། དངོས་སྒྲུབ་དང་དཀའ་སྤྱད་བྱས་པ། བྱས་རྗེས་ཡང་བཞག་མྱོང་བ་བཅས་ཀྱི་མི་ཕལ་བ་ཞིག་གི་གཏམ་རྒྱུད་བཤད་པ་བརྒྱུད། ང་ཚོའི་དུས་རབས་དང་ང་ཚོའི་ཏང་གིས་ཐོག་མའི་སེམས་འདུན་མི་བརྗེད་པའི་ལོ་རྒྱུས་ཀྱི་རང་མདངས་མངོན་ལ། ཀྲུང་གོ་འགྲིམ་འགྲུལ་སྡེ་ཚོགས་ཀྱིས་ཀྲུང་དབྱང་དང་ས་གནས་བར་གྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། མཚོ་སྔོན་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ངེས།
གསར་འགོད་པ་དག་ད་དུང་དམག་དཔུང་གི་སྒར་ཁུལ་དུ་བསྐྱོད་དེ། མཐོ་སྒང་བརྟན་སྲུང་དང་བྱས་རྗེས་བཞག་པའི་གཏམ་རྒྱུད་བརྗོད་པར་མ་ཟད། སྐོར་སྐྱོད་གཏམ་བཤད་གསར་འགོད་པས་སྤྱིར་བཏང་གི་འཚོ་བ་ཟིན་ཐོར་འགོད་པ་དང་སྟོབས་ཤུགས་བརྒྱུད་སྤྲོད་བྱེད་པར་གོ་བ་སྔར་བས་གཏིང་ཟབ་ཡོད་དུ་བཅུག
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ། ཀྲའོ་ཙི་ཧན་གྱིས་བཤད་རྒྱུར། གཞི་རིམ་གྱི་གཏམ་རྒྱུད་གསར་བ་བཤད་རྒྱུ་ནི་སྙིང་སྟོབས་བརྒྱུད་སྤྲོད་ཅིག་ཡིན་པར་མ་ཟད། ང་ཚོར་གཏམ་བཤད་རེ་རེའི་ཁྲོད་སྤྱིར་བཏང་གི་འཚོ་བ་ཟིན་ཐོར་འགོད་པ་དང་སྟོབས་ཤུགས་བརྒྱུད་སྤྲོད་བྱེད་པ་དེ་ང་ཚོའི་གསར་འགོད་པའི་ལས་འགན་ཡིན་པ་ཤེས་སུ་བཅུག