ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ནས་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་ཞུགས་ཏེ་ལོ་འཁོར76ལོན་པའི་བྱེད་སྒོ་ཚེས25ཉིན་ཕིང་རང་གི་ཀྲུང་ཁྲའོ་མཛའ་གྲོགས་མཆོད་རྟེན་མདུན་དུ་འཚོགས་པ་རེད། ཁྲའོ་ཞན་ཆེས་མཐོའི་མི་དམངས་གྲོས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཅིན་ཧེང་ཀྲི་སོགས་ཏང་སྲིད་དམག་དཔུང་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་ལས་བྱེད་པ་དང་། ཁྲའོ་ཞན་དུ་བཅའ་སྡོད་བྱས་པའི་གཞུང་ཚབ་ཁང་གི་གནས་སྐབས་ཚབ་བྱེད་པ་ཆི་ཧན་དང་ལས་བྱེད་མི་སྣ། ད་ལྟ་ཁྲའོ་ཞན་དུ་འཚམས་འདྲི་གནང་བཞིན་པའི་དམག་མི་རྒན་གྲས་ལས་དོན་པུའུ་ཡི་མགོ་འཛིན་གཞོན་པ་ཧུང་ཙུང་མིང་འཁོར་དང་བཅས་པ་དང་། ཁྲའོ་ཞན་དུ་ཡོད་པའི་དང་བླངས་པ་དཔའ་བོར་བསྟོད་བསྔགས་མཚོན་བྱེད་ལས་ཁུངས་དང་རྒྱལ་ཁབ་ལ་དབང་བའི་ལས་ཁུངས། གསར་འགྱུར་སྨྱན་སྦྱོར་དང་ཕྱིར་སྡོད་སློབ་མའི་འཐུས་མི་སོགས་ཞུགས་ཡོད།
དྲན་གསོ་ཞུ་བའི་མཛད་སྒོ་དེ་སྔ་དྲོའི་ཆུ་ཚོད10ཙམ་ལ་མགོ་ཚུགས་པ་དང་། ཁྲའོ་ཞན་མི་དམངས་དམག་དཔུང་རོལ་དབྱངས་རུ་ཁག་གིས་ཀྲུང་གོ་དང་ཁྲའོ་ཞན་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཞིང་། ཚང་མས་གྲལ་སྟར་བསྒྲིགས་ནས་གུས་འདུད་ཞུས་ཤིང་མྱ་ངན་ཞུས་པ་མ་ཟད། ཨ་འགོག་ཁྲའོ་རོགས་དམག་འཁྲུག་ནང་དཔའ་བོ་ལྟར་སྐུ་གཤེགས་པའི་ཀྲུང་གོ་མི་དམངས་དང་བླངས་དམག་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུས།
ཅིན་ཧེང་ཀྲིས་བསྟན་དོན། ཁྲའོ་ཀྲུང་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ནི་མཉམ་དུ་སྲོག་བསྡོས་ཀྱིས་འཐབ་རྩོད་བྱེད་པའི་ལོ་ཟླ་རིང་མོར་ཁྲག་དྲོན་གྱིས་གྲུབ་པ་ཞིག་ཡིན་ལ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་མཐོ་ཤོས་རྣམས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། ཁྲའོ་ཀྲུང་འབྲེལ་བ་དུས་རིམ་གསར་པ་སྔར་ལས་མཐོ་སར་རྒྱུན་ཆད་མེད་པར་གོང་དུ་འཕེལ་ཡོད། ཁྲའོ་ཞནའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་ནམ་ཡང་ཀྲུང་གོ་མི་དམངས་དང་བླངས་དམག་སྔོན་གཤེགས་དཔའ་བོའི་མཛད་རྗེས་རླབས་པོ་ཆེ་བརྗེད་མི་སྲིད་ཅིང་། མུ་མཐུད་དུ་ཁྲའོ་ཞན་དུ་ཡོད་པའི་དང་བླངས་དམག་སྔོན་གཤེགས་དཔའ་བོའི་དྲན་རྟེན་ཉམས་གསོ་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན།
ཆི་ཧན་གྱིས་བསྟན་དོན། ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་མཐུན་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་རབས་རྒན་པ་རྣམས་ཀྱིས་དངོས་སུ་བསྐྲུན་པ་དང་གསོ་སྐྱོང་གནང་བ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་དང་མང་ཚོགས་ཀྱིས་ཁྲག་དང་མེ་ལྕེའི་ཁྲོད་དུ་གྲུབ་པའི་འབྲས་བུ་རྩ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་ཇུས་འགོད་ཞིབ་ཚགས་དང་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་མཐུན་ལ་སྐྱེ་སྟོབས་གསར་བ་རྒྱས་ཡོད། ཕྱོགས་གཉིས་ཀྱིས་འབད་བརྩོན་ལྷོད་མེད་ངང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་མཐོ་ཤོས་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ལེགས་པོ་བྱེད་པ་དང་། རླབས་ཆེན་གྱི་ཨ་འགོག་ཁྲའོ་རོགས་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བཏང་སྟེ། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བར་འཕེལ་རྒྱས་རྒྱུན་ཆད་མེད་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཧུང་ཙུང་མིང་གིས་དུས་ཡུན་རིང་པོར་ཁྲའོ་ཞན་དུ་ཡོད་པའི་དང་བླངས་དམག་སྔོན་གཤེགས་དཔའ་བོའི་དྲན་རྟེན་སྲུང་སྐྱོང་དོ་དམ་ཐད་བྱ་བ་མང་པོ་བསྒྲུབས་པར་ཐུགས་རྗེ་ཆེ་ཞུས་ཏེ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲེང་ཨེན་རྣམ་གཉིས་ཀྱིས་དང་བླངས་དམག་དཔའ་བོར་གཟེངས་བསྟོད་བྱ་རྒྱུའི་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་པ་དང་ཆབས་ཅིག ཀྲུང་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་མཐོ་ཤོས་བར་བྱུང་བའི་ཐུན་མོང་ངོས་འཛིན་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། མཉམ་ལས་དམ་ཟབ་དང་གཞོགས་འདེགས་ཤུགས་ཆེན་སྒོས་མུ་མཐུད་ནས་ཁྲའོ་ཞན་དུ་ཡོད་པའི་དང་བླངས་དམག་གི་དཔའ་བོར་གཟེངས་བསྟོད་བྱེད་པའི་ལས་དོན་ལེགས་པར་སྒྲུབ་དགོས།
ཚེས25ཉིན་གྱི་དགོང་མོར། ཀྲུང་གོ་ཕྱི་འབྲེལ་པུས་ཁྲན་ཞན་དུ་བཅའ་སྡོད་བྱེད་པའི་དང་བླངས་དམག་དཔའ་བོར་བསྟོད་བསྔགས་མཚོན་བྱེད་ལས་ཁུངས་སུ་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ནས་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་ཞུགས་ཏེ་ལོ་འཁོར76ལོན་པའིའི་སྣེ་ལེན་ཚོགས་འདུ་བསྡུས། ཆི་ཧན་དང་ཧུང་ཙུང་མིང་། དེ་བཞིན་ཁྲའོ་ཞན་གྲོང་ཁྱེར་འཛུགས་སྐྲུན་ཞིང་ཆེན་གྱི་བློན་ཆེན་ཅང་ཀྲེ་ཧའོ་བཅས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་།
དུས་མཚུངས་སུ། ཁྲན་ཞན་ཀུའེ་ཁྲང་དང་ཨན་ཀྲོའུ། ཁའེ་ཁྲེང་སོགས་ས་གནས་སོ་སོར་ཡང་ཀྲུང་གོ་མི་དམངས་དང་བླངས་དམག་གི་དུར་སའི་མཆོད་འབུལ་བྱེད་སྒོ་སྤེལ་ཞིང་། ས་གནས་དེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མེ་ཏོག་ཕྲེང་བ་ཕུལ་བ་རེད། །