རྒན་རྒོན་ཚོ་ཚེ་མཇུག་བདེ་ལ་རོལ་ཐུབ་པ་བྱེད་བཞིན་པ།

ཡོང་ཁུངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རང་རྒྱལ་གྱི་སྤྱི་ཚོགས་ལོ་བགྲེས་ཅན་དུ་འགྱུར་ཚད་ཇེ་མཐོར་འགྲོ་བས། ངེས་པར་དུ་རྒན་རྒོན་ཚོ་ཚེ་མཇུག་འཚོ་བ་སྐྱིད་པོའི་ངང་སྐྱེལ་རྒྱུ་ཡོང་བ་བྱེད་དགོས་པ་དང་། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་གོང་འཕེལ་ཤུགས་ཆེན་གཏོང་དགོས་ཞེས་བསྟན་གནང་ཡོད།

ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཚུགས་ལོར། རང་རྒྱལ་གྱིས་མི་འབོར་ལོ་བགྲེས་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ་དང་། རྒན་གསོའི་བྱ་གཞག་དང་ཐོན་ལས་མཐུན་སྦྱོར་གོང་འཕེལ་གཏོང་བའི་སྲིད་ཇུས་སྒྲིག་གཞི་འཐུས་ཚང་བཙུགས་ནས། རྒན་རྒོན་རྣམས་རྒས་དུས་གསོ་མཁན་ཡོད་པ་དང་། རྒས་དུས་ལས་རྒྱུ་ཡོད་པ། རྒས་དུས་སྤྲོ་སྣང་ཡོད་པ་བཅས་ཡོང་བ་བྱེད་བཞིན་ཡོད།

ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཐུའོ་ཁུལ་ཀྲང་ཅ་ཞང་སྡེ་ཁུལ་གྱི་རྒན་རྒོན་ལུའུ་ལིན་ཧྥུ་ཡིས་ཐབ་ཚང་དུ་ཆུ་བླངས་ཏེ་ཁ་ལག་བཟོ་བཞིན་ཡོད་ཅིང་། ཆུའི་བརྟག་དཔྱད་ཡོ་བྱད་ཐོག་གི་རིག་ནུས་ལྟ་བཤེར་སྒྲིག་ཆས་ཀྱིས་ཆུ་བེད་སྤྱོད་བྱས་པའི་ཆ་འཕྲིན་ཐད་ཀར“མཐེབ་གཅིག་ཀུན་ཁྱབ”བརྡ་གཏོང་སྟེགས་བུའི་ཐོག་བསྐུར་ཐུབ་ཀྱི་ཡོད། སྟེགས་བུ་དེའི་གཉེར་སྐྱོང་འགན་འཁུར་བ་ཝང་ཡོན་ལིན་གྱིས། ཆུ་ཚོད་24སོང་རིང་བཞིན་ཁྱིམ་ཚང་ཚང་མས་ཆུ་བེད་སྤྱོད་བྱས་ཚད་དེ་གྲུ་བཞི་ལྷམ་པ་0.01ལས་དམའ་བའི་སྐབས་སུ། རྒྱབ་ཕྱོགས་སྟེགས་བུས་བརྡར་གཅོད་དང་ཉེན་བརྡ་གཏོང་བ་དང་། ལས་དོན་པས་ཀྱང་ཞིབ་ཕྲའི་གནས་ཚུལ་གཞིར་བཟུང་རྒན་རྒོན་ཚོར་རྒྱབ་ཕྱོགས་ནས་ཁ་པར་བརྒྱབ་སྟེ་གནས་ཚུལ་བཀའ་འདྲི་ཞུ་ཡི་ཡོད་ཅེས་ངོ་སྤྲོད་གནང་ཡོད།

ཕུའུ་ཐུའོ་ཁུལ་གྱིས་2020ལོ་ནས་བཟུང་། “མཐེབ་གཅིག་ཀུན་ཁྱབ”རྣམ་གྲངས་ཚོད་ལྟ་ལས་གཉེར་བྱས་པ་དང་། དགུང་ལོ་60ཡན་གྱི་ལོ་བགྲེས་ཁེར་སྡོད་རྒན་རྒོན་དང་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ཚོར་རིན་མེད་ངང་སྣ་མང་ཅན་གྱི་མཐའ་སྣེའི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད། ད་ལོ་ནས་བཟུང་། “མཐེབ་གཅིག་ཀུན་ཁྱབ”རྣམ་གྲངས་དེས་དུད་ཚང་ཁྲི་2.6གི་རྒན་རྒོན་ལ་གཅེས་སྐྱོང་རོགས་སྐྱོབ་ཞབས་ཞུ་སྣ་ཚོགས་མི་ཐེངས་ཁྲི་307ཙམ་བསྒྲུབས་ཡོད་ཅེས་བརྗོད་ཡོད།

ནུབ་ཁའི་ཉི་མ་རབ་ཏུ་མཛེས། མི་ཡུལ་ཁམས་སུ་རྒན་པར་གཅེས། རྒན་རྒོན་ཚོར་གྲ་རྒྱས་ཕུན་སུམ་ཚོགས་པའི་ཚེ་མཇུག་ཅིག་ཡོད་པ་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ནང་རྦད་དེ་འཇོག་གནང་མཛད་ཡོད། 2018ལོའི་ཟླ་11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། རྒན་རྒོན་གྱི་གནད་དོན་ནི་ཀྲུང་དབྱང་གིས་ཐུགས་ཁུར་ཆེ་ཤོས་བྱེད་སའི་དོན་དག་གི་གྲས་ཤིག་རེད། ང་ཚོ་ད་ལྟ་རྒོན་རྒོན་སྤྱི་ཚོགས་སུ་སླེབས་ཟིན་པས། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་ཁྲོད་རྒན་རྒོན་ལ་བདེ་སྐྱིད་གང་འདྲ་ཡོད་མིན་དང་། རྒས་དུས་གསོ་མཁན་གང་འདྲ་ཡོད་པ། དེ་བཞིན་རྒས་དུས་བདེ་ཐང་གནས་ཚུལ་གང་འདྲ་ཡོད་པ་བཅས་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་བསྟན་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་ལྟར། ས་གནས་ཁག་གིས་གནད་ལ་འཁེལ་བའི་སྒོ་ནས་ཐབས་ཇུས་ལག་བསྟར་དང་དངོས་སྒྲུབ་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། རྒན་རྒོན་གྱི་རིམ་པ་མང་བ་དང་སྣ་མང་ཅན་གྱི་རྒན་གསོའི་ཞབས་ཞུའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་བ་དང་དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་བཞིན་ཡོད།

2025ལོའི་ལོ་མཇུག་བར། རང་རྒྱལ་གྱི་ལོ་60དང་དེ་ཡན་གྱི་རྒན་རྒོན་མི་འབོར་དུང་ཕྱུར་3.23ལས་བརྒལ་ནས་སྤྱིའི་མི་འབོར་གྱི་བརྒྱ་ཆ་23ཟིན་ཡོད། རྒན་གསོའི་ཞབས་ཞུ་དེ་རྨང་གཞིའི་རང་བཞིན་གྱི་ཞབས་ཞུ་ནས་ལེགས་བཅོས་རང་བཞིན་གྱི་ཞབས་ཞུའི་ཕྱོགས་སུ་རིམ་བཞིན་རྒྱ་སྐྱེད་གཏོང་བཞིན་ཡོད། ཐེན་ཅིན་གྱིས་རྒན་རྒོན་ཟ་ཁང་དང་སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དང་ཁྲོམ་གཞུང་གི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ལྟེ་གནས་སོགས་མཉམ་འདྲེས་གཉེར་སྐྱོང་བྱ་རྒྱུར་སྐུལ་མ་གཏོང་བ་དང་། ཁྱིམ་ལས་དང་། ལྟ་སྐྱོང་། བཅོལ་ཉར་སོགས་ཀྱི་ཞབས་ཞུ་སྣུར་སྲིང་བྱས་ཡོད། ཐེན་ཅིན་གྱི་རྒན་གསོའི་ཐོན་ལས་གོང་འཕེལ་ཀུང་སི་ཞིག་གི་འགན་འཁུར་བ་ཀྲན་ཧེང་པོ་ཡིས། ང་ཚོས་ལྟ་སྐྱོང་ཀུང་སི་བཙུགས་པ་དང་། བདེ་ཐང་སླར་གསོའི་རྣམ་གྲངས་ཀྱི་ཀུང་སི་བཙུགས་ཡོད། གལ་ཏེ་བཟའ་བཏུང་གི་སྣེ་ཁྲིད་མེད་ན། དོན་དངོས་ཐོག་རྗེས་མཐུད་ཀྱི་ཞབས་ཞུ་དག་གཞི་ཁྱོན་ངེས་ཅན་ཞིག་ཏུ་འགྱུར་ཁག་པོ་རེད། ན་ནིང་ང་ཚོའི་ཀུང་སི་ཡོངས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་5000ལྷག་ཙམ་ཟིན་པ་དང་། དེའི་ཁྲོད་བཟའ་བཏུང་གིས་སྒོར་ཁྲི་1000ལྷག་ཙམ་བཟུང་ནས་རང་ངོས་ལ་བརྟེན་ནས་ཁེ་སྤོགས་ལེན་པའི་ནུས་པ་ལྡན་པར་གྱུར་ཡོད་ཅེས་བརྗོད་འདུག

ཧྲན་ཏུང་ཞིང་ཆེན་ཏུང་དབྱིང་གྲོང་ཁྱེར་ཏུང་ཅི་གྲོང་རྡལ་དབྱང་མིའོ་སྡེ་ཁུལ་ཅིན་ཨན་རྩྭ་བསླས་བཟོ་རྩལ་ཐོན་རྫས་ལས་སྣོན་མཉམ་ལས་ཁང་དུ། རྒན་རྒོན་ཁག་གཅིག་གིས་ཕུའུ་རྩྭ་འཇམ་པོ་ལག་ཏུ་བཟུང་སྟེ་བྱང་ཆུབ་པའི་སྒོ་ནས་ཡོལ་བ་སླ་བཞིན་ཡོད། དགུང་ལོ་74ལ་སླེབས་པའི་རྒན་རྒོན་ཀྲེང་ཧྥེང་གིས། ང་དང་བཟའ་ཟླ་ཁོམ་པ་ཡོད་ཚེ། ཁྱིམ་དུ་ཡོལ་བ་བསླས་ནས་སྡོད་ཀྱི་ཡོད། ལོ་གཅིག་ལ་སྒོར་ཁྲི་གཅིག་ལྷག་ཙམ་རག་གི་འདུག་པས། ཁྱིམ་ཚང་ལ་ཡོང་འབབ་ཏོག་ཙམ་གསོག་ཐུབ་ཀྱི་འདུག དེ་ལྟར་བྱས་ཚེ་སེམས་པ་ལྷོད་ཤིག་ཤིག་དང་དགའ་ལྷང་ལྷང་ཡོང་གི་འདུག་ཅེས་བརྗོད་པ་རེད།

2021ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དབྱང་མིའོ་སྡེ་ཁུལ་དུ་ཕེབས་ནས། དམངས་ཕན་ཞབས་ཞུ་ལྟེ་གནས་དང་། རྒན་རྒོན་ཟ་ཁང་། རྩྭ་བསླས་ལས་སྣོན་མཉམ་ལས་ཁང་བཅས་སུ་ཕེབས་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་སྡེ་ཁུལ་དེ་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་བསྐྲུན་དགོས་པའི་བཀའ་མངགས་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། དབྱང་མིའོ་སྡེ་ཁུལ་གྱིས་ལས་སྟེགས་ཧུར་ཐག་བསྐྲུན་པ་དང་། གོ་སྐབས་བཏོད་དེ། གྲོང་མི་རྒན་རྒོན་ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱས་ཏེ། རྒས་ཀྱང་ལས་རྒྱུ་ཡོད་པ་བྱས་ཡོད། ཅིན་ཨན་རྩྭ་བསླས་བཟོ་རྩལ་ཐོན་རྫས་ལས་སྣོན་མཉམ་ལས་ཁང་གི་འགན་འཁུར་བ་ཀྲང་པོ་ལན་གྱིས། ད་ཆ་རྒན་རྒོན་50ལྷག་ཙམ་གྱིས་དེ་གར་ལས་ཀ་བྱེད་ཀྱི་ཡོད།  རྩྭ་སོགས་རྒྱུ་ཆ་དག་ཀྱང་ཁྱིམ་དུ་འཁྱེར་ཆོག་པ་དང་། ག་ཚོད་བཟོས་ཡོད་མེད་ལ་བལྟས་ནས་དངུལ་སྤྲོད་ཀྱི་ཡོད་པས། ལས་ཀའི་དུས་ཚོད་རིང་ཐུང་རང་ཉིད་ཀྱིས་ཚོད་འཛིན་བྱས་ཆོག  འདི་ལྟ་བུའི་ཡོལ་བ་ཞིག་བཟོས་རྗེས་དངུལ་སྒོར་4ལེན་ཐུབ་པ་དང་། ཆུ་ཚོད་གཅིག་གི་ནང་བཟོས་ཚར་གྱི་ཡོད་ཅེས་བརྗོད་པ་རེད།

ཉི་མ་ལ་ཁར་བཅར་འདུག་མ་གསུངས་ཤིག དགོང་དྲོའི་མཚམས་སྤྲིན་མཛེས་མདངས་རྣམ་པར་བཀྲ། རང་རྒྱལ་གྱི་རྒན་གསོའི་ཞབས་ཞུའི་འགན་ལེན་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་ཆབས་ཅིག གཞི་རྩའི་རྒན་གསོའི་ཞབས་ཞུའི་ལམ་ལུགས་ཁྱོན་ཡོངས་ནས་བཙུགས་ཏེ་རྒན་རྒོན་ཁྲི་5300ལྷག་ཙམ་ལ་རྒན་རྒོན་གྱི་ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་པ་དང་། རྒན་གསོའི་ཞབས་ཞུའི་སྒྲིག་གཞི་དང་སྒྲིག་བཀོད་ཁྲི་39.5ཟིན་ཡོད།

དམངས་སྲིད་པུའི་པུའུ་ཀྲང་ལི་ཁྲང་ཀོན་གྱིས། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རིམ་དབྱེ་རིགས་དབྱེ་དང་། ཀུན་ཕན་ཁྱབ་འགྱེད། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ། རྒྱུན་མཐུད་གོང་འཕེལ་བཅས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་ཡིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིམ་པ་གསུམ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒན་གསོའི་ལས་ཁུངས་ཀྱི་ལྟ་སྐྱོང་རྣམ་པའི་ཉལ་ཁྲིའི་བསྡུར་ཚད་བརྒྱ་ཆ་73ཟིན་པར་སྐུལ་འདེད་གཏོང་བ། ནུས་པ་ཤོར་བ་དང་རིག་པ་མི་གསལ་བར་གྱུར་བའི་རྒན་རྒོན་ལ་ལྟ་སྐྱོང་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་བ། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་གཏོང་བ། རྒན་གསོའི་ཞབས་ཞུའི་སྤུས་ཚད་ལ་འགན་ལེན་བྱེད་པ་བཅས་བྱས་ཏེ། རྒན་རྒོན་ཡོངས་གཞི་རྩའི་རྒན་གསོ་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།