མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10ཚེས22ཉིན། དུས་ཡུན་ཟླ་བ་གསུམ་གྱི་ར་སྤྲོད་བྱས་བརྒྱུད། རྒྱལ་ཡོངས་ཀྱི་དངོས་ཁམས་བྲུབས་རྒྱུན་གཞི་བྱས་ནས་གློག་སྤྱོད་ཁེ་ལས་ལྗང་མདོག་གློག་ཤུགས་ཁུངས་འདེད་ཆེད་དམིགས་ལ་བཟོས་པའི་ས་གནས་ཀྱི་ཚད་གཞི་ཐོག་མ་སྟེ《གློག་སྤྱོད་པའི་ཁེ་ལས་ལྗང་མདོག་གློག་ཤུགས་ཁུངས་འདེད་བྱེད་ཐབས》ཀྱི་ཚད་གཞིའི་ལག་རྩལ་ལམ་ཐིག་དེ་ལག་བསྟར་བྱེད་ཆོག་པ་དང་བཀོལ་སྤྱོད་རང་བཞིན་ལྡན་པ་གཏན་ལ་ཕབ། ཚད་གཞི་དེ་ནི་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་སྣེ་ཁྲིད་དེ་མཚོ་སྔོན་སློབ་ཆེན་སོགས་ཚན་ཞིབ་ཚན་པའི་སྒྲིག་ཁོངས་དང་མཉམ་འབྲེལ་བྱས་ནས་བསྒྲུབས་པ་ཡིན་ཞིང་། མཚོ་སྔོན་གྱིས་གནོད་མེད་ཤར་བགྲོད་གློག་ཤུགས་གྱི་ཚད་འབེབས་དོ་དམ་ཚོད་འཛིན་དང་འཛད་སྤྱོད་ཁུངས་འདེད་མ་ལག་འཛུགས་སྐྱོང་ཐད་ཐོལ་བརྒལ་རང་བཞིན་ཀྱི་ཡར་རྒྱས་ཤིག་ཡིན་ལ། དེས་རྒྱལ་ནང་གི་གློག་སྤྱོད་གཞོགས་ཀྱི་གློག་མགོ་ཁུངས་འདེད་ཐད་གདེང་འཇོག་གི་ཚད་གཞིའི་རྨང་གཞི་བཏོད་པ་མཚོན།
མཚོ་སྔོན་གྱི་ནུས་རྒྱུ་གཙང་མ་གློག་འདོན་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་དང་ལྗང་མདོག་གློག་ཤུགས་ཀྱི་གློག་གཏོང་ཚད་ཀྱིས་བཟུང་བའི་བསྡུར་ཚད་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གནོད་མེད་ཤར་བགྲོད་རྩིས་རྒྱག་ནུས་པ་དང་གནོད་མེད་ཤར་བགྲོད་བཟོ་སྐྲུན་ཐོན་ལས་མགྱོགས་པོར་དར་རྒྱས་ཕྱིན་པ་དང་བསྟུན་ནས་གློག་སྤྱོད་ཁེ་ལས་ཀྱིས་ལྗང་མདོག་གློག་འཛད་སྤྱོད་ཞིབ་རྩིས་དང་ཁུངས་འདེད་ཁས་ལེན་དཔང་འདོན་ཀྱི་དགོས་མཁོ་ཉིན་བཞིན་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ལྗང་མདོག་གློག་ཤུགས་ཀྱི་མགོ་ཁུངས་ཕུགས་འདེད་ཀྱི་དཀའ་གནད་སེལ་བ་དང་ལྗང་མདོག་གློག་ཤུགས་འཛད་སྤྱོད་ཀྱི་ཡིད་རྟོན་ཚད་མཐོར་གཏོང་ཆེད། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས2024ལོའི་ཟླ་8པ་ནས་བཟུང་ཚད་ལྡན་གྱི་དུས་མགོའི་ཞིབ་འཇུག་གི་མགོ་ཚུགས་ཏེ། མཚོ་སྔོན་ཞིང་ཆེན་གལ་ཆེའི་ཚན་རྩལ་ཆེད་དམིགས“མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་གློག་ཤུགས་ཕུགས་འདེད་དང་གྲུབ་ཆ་མི་འདྲ་བའི་རྩིས་ཤུགས་གཞི་གཅིག་ཅན་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་བཀོལ་སྤྱོད”ལ་བརྟེན་ནས་ཚད་ལྡན་སྒྲིག་ཁོངས་ཚོགས་ཆུང་བཙུགས་ཏེ་ཚད་ལྡན་ཞིབ་འཇུག་བཟོ་བར་སྐུལ་འདེད་བཏང་བ་རེད། སྒྲིག་ཁོངས་ཚོགས་ཆུང་གིས་མཚོ་སྔོན་ཞིང་ཆེན་ནུས་རྒྱུ་གཙང་མ་རྟེན་གཞིའི་དོན་དངོས་ལ་གཞི་ཚུགས་ཏེ་དཔེ་མཚོན་ས་ཁོངས་ཀྱི་གློག་དྲ་འཁོར་སྐྱོད་གཞི་གྲངས་སྡུད་སྒྲུག་དང་གློག་སྤྱོད་ཐེག་ཚད་ཁྱད་གཤིས་ལ་བརྟག་ཞིབ་བྱས་པ་དང་། འོད་ཤུགས་དང་རླུང་གློག་སོགས་ལྗང་མདོག་གློག་ཤུགས་རྣམ་གྲངས་གིས་འཁྱོག་ཐིག་དང་། དྲ་ཞུགས་གློག་ཚད་དང་དེ་བཞིན་གློག་འདྲེན་སྡེབ་ཐབས་ལམ་སོགས་འགག་རྩའི་དཔྱད་གྲངས་བསྡུ་རུབ་དང་ལེགས་སྒྲིག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་གློག་ཤུགས་ཉོ་ཚོང་དང་། གནམ་གཡབ་འཁོར་སྐྱོད་དང་དེ་བཞིན་གནོད་མེད་ཤར་བགྲོད་རྩིས་ནུས་གདེང་འཇོག་གི་ལག་ལེན་ཉམས་མྱོང་དང་གྲངས་གཞིའི་རྨང་གཞི་གསེད་བཀྲོལ་བྱས་ཏེ། ལྗང་མདོག་གློག་རྒྱུན་གྱི་གྲངས་གཞིའི་དཔེ་དབྱིབས་བཟོས་ནས་འབྲེལ་ཐག་ཧྲིལ་པོ་དང་ཁྱོན་ཡོངས་ལ་ཁྱབ་པའི་ལྗང་མདོག་གློག་ཤུགས་ཀྱི་ཁུངས་འདེད་ལག་རྩལ་མ་ལག་རིམ་བཞིན་བསྐྲུན་ཡོད་པ་རེད།
ཚད་གཞི་དེས་ནུས་རྒྱུ་གསར་པའི་བཟོ་གྲྭ་དང་ས་ཚིགས་། གློག་ཤུགས་བརྒྱུད་གཏོང་སྒྲིག་ཆས། མཐའ་སྣེའི་གློག་སྤྱོད་ཁེ་ལས་སོགས་ཐོན་ལས་འཁོར་འབྲེལ་ཡོངས་ཀྱི་བྱེད་པོའི་ཁུངས་གཏུགས་གཞི་གྲངས་སྡུད་སྒྲུག་ཚད་ལྡན་དང་བསྡོམས་རྩིས་ཚད་གཞི་གཅིག་གྱུར་འཆར་འགོད་ཐོག་ཚད་ལྡན་དུ་གཏོང་བ་དང་། དབྱེ་མཚམས་གྱི་གློག་གཏོང་དང་། གློག་མཁོ་འདོན། གློག་སྤྱོད་ཀྱི་བརྒྱུད་རིམ་ཁག་གི་བཀོད་གཏོང་འཁོར་སྐྱོད་གཏན་ཚིགས་དང་འགན་དབང་གི་འབྲེལ་བ་དང་། ནུས་རྒྱུ་གསར་པའི་བཟོ་གྲྭ་དང་ས་ཚིགས། གློག་འདྲེན་གློག་སྡེབ་དྲ་བའི་སྦྲེལ་ཚིགས། མཐའ་སྣེའི་གློག་སྤྱོད་ཀྱི་ཐེག་ཚད་དབྱེ་མཚམས་བཅས་ལྟེ་བའི་རྩིས་རྒྱག་སྦྲེལ་ཚིགས་ནས་ཆུ་དང་མེ། རླུང་། འོད་སོགས་གློག་ནུས་ཀྱི་ཐོན་རྫས་རིགས་ཀྱི་བསྟུན་ཚད་ཚན་རིག་གིས་དབྱེ་གྲོལ་བྱས་ཏེ། དོན་འཁྱོལ་ཐུབ་པ་དང་། འདྲ་བཟོ་ཐུབ་པ། འོས་སྦྱོར་ཆོག་པའི་ཚད་གཞི་ཅན་གྱི་ལག་རྩལ་ཐབས་ལམ་ཞིག་གྲུབ། ཚད་གཞིའི་ནང་ལྗང་མདོག་གློག་ཤུགས་་ཀྱི་འབྱུང་ཁུངས་ཕུགས་འདེད་རྩི་ཐབས་ཀྱི་གཏན་ཚིགས་ཁ་གསལ་བཟོས་པ་དང་། གློག་ནུས་གྱི་གྲུབ་ཆ་རྩིས་འདེད་སྒྲིག་སྲོལ་གཅིག་གྱུར་བྱས་ཏེ། རྩལ་རིམ་ངོས་ནས་ལྗང་མདོག་གློག་ཤུགས་ཀྱི“འབྱུང་ཁུངས་ཕུགས་འདེད་ཐུབ་པ་དང་འགྲོ་ཕྱོགས་རྗེས་འདེད་ཐུབ་པའི”ལྟེ་བའི་གནད་དོན་ཐག་གཅོད་བྱས་པ་དང་། གློག་སྤྱོད་ཁེ་ལས་ལ་ཚན་རིག་དང་མཐུན་ཞིང་ཡིད་རྟོན་རུང་བའི་ལག་རྩལ་གྱི་གཞི་འཛིན་ས་མཁོ་འདོན་བྱས་ཏེ། “ལྗང་མདོག་གློག་ཤུགས་ཀྱི་བརྡར་གཅོད་ནོར་བ”དང“གྲངས་གཞིའི་ཁེར་ཆགས”སོགས་ཀྱི་གནད་དོན་ལས་གཡོལ་ཐུབ་པའི་ནུས་པ་ལྡན་པར་བྱས་ནས་ལྗང་མདོག་གློག་ཤུགས་༼ཉོ་ཚོང་གི་གསལ་ཚད་དང་དྲང་གཞག་རང་བཞིན་མཐོར་འདེགས་སུ་བཏང་།