ཟླ10པའི་ཚེས22ཉིན་གྱི་ཆུ་ཚོད22དང་སྐར་མ33ཙམ་ལ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད།
ས་ཡོམ་བརྒྱབ་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་གནང་བ་སྟེ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ7.0བརྒྱབ་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད་པས། མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གེགས་ཁུལ་དུ་ས་བབ་མཐོ་ལ་གནམ་གཤིས་གྲང་ངར་ཆེ་བས། ས་ཡོམ་གྱི་གནས་ཚུལ་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་ནན་པོ་བྱེད་པ་དང་ཚན་རིག་དང་མཐུན་པའི་ངང་རོགས་སྐྱོབ་བྱས་ནས། ཞོར་ཐོན་གནོད་འཚེ་མ་ཐོན་སྔོན་འགོག་བྱེད་དགོས། ཉེན་སེལ་རོགས་སྐྱོབ་དངོས་ཟོག་གཏོང་སྤྲོད་ལ་དམ་འཛིན་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་དང་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་དོན། གནོད་འཚེའི་གནས་ཚུལ་དངོས་ལ་ཞིབ་དཔྱད་དམ་འཛིན་དང་། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་རྨས་མ་སྐྱོབ་བཅོས་སྒྲིག་འཛུགས། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་འོས་འཚམ་བཅས་བྱས་ཏེ། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། ད་ཐེངས་ཀྱི་ས་ཡོམ་རྒྱག་སའི་ས་བབ་མཐོ་ལ་ཡོམ་འཕྲོ་ཡང་མང་པོ་རྒྱག་གི་ཡོད་པས། འཕྲལ་སྡོམ་དོ་དམ་པུའུ་དང་ས་ཡོམ་ཅུས་ཀྱིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་ས་ཡོམ་གྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་སྔོན་དཔག་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། གནོད་འཚེ་སྔོན་འགོག་དང་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་སྒྲུབ་དགོས།
ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། འཕྲལ་སྡོམ་དོ་དམ་པུས་ལས་དོན་ཚོགས་ཆུང་ས་གནས་ས་ཐོག་ཏུ་ཉེན་སེལ་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་པ་དང་། བོད་ཀྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཉེན་སེལ་གེགས་སེལ་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་དང་བྱེད་བཞིན་ཡོད། མིག་སྔར། ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།