ཟླ10པའི་ཚེས19ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་ཁྱབ་ཁོངས་ཀྱི་ལས་གཞིའི་དོ་དམ་ལམ་ལུགས་འཛུགས་སྐྲུན་གནས་ཚུལ་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་རྒྱུས་ལོན་པ་ལྟར་ན།《མཚོ་སྔོན་ཞིང་ཆེན་གྱི་ནགས་ལས་དང་རྩྭ་ཐང་ལས་གཞིའི་དུས་ཕྱིའི་སྲུང་སྐྱོང་བྱེད་ཐབས (ཚོད་ལྟའི་ལག་བསྟར)》ཀྱིས་ནགས་ལས་དང་རྩྭ་ཐང་གི་ལས་གཞི་ལེགས་འགྲུབ་ཀྱི་རྩིས་སྤྲོད་རྩིས་ལེན་བྱས་རྗེས་ཀྱི་རྒྱུན་གཏན་སྲུང་སྐྱོང་གི་བླང་བྱ་གསལ་པོར་བཏོན་ཡོད་པ་དང་། རིགས་དབྱེ་ནས་བཅོས་སྐྱོང་དང་ས་ཁུལ་དབྱེ་ནས་ཚོད་འཛིན་བྱེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ནགས་ས་དང་བྱེ་འགྱུར་བཀག་སྡོམ་ཁུལ། རླན་ས། རྩྭ་ཐང་བཅས་སྲུང་སྐྱོང་གི་རིགས་ཆེན་པོ་བཞིར་དབྱེ་ནས་ཁྱད་པར་ཅན་གྱི་བྱེད་ཐབས་གཏན་འབེབས་བྱས་ཤིང་། ནགས་(རྩྭ་)དཔོན་ལམ་ལུགས་དང་མི་ཤུགས་འགོག་སྲུང་། ལག་རྩལ་འགོག་སྲུང་། ལས་གཞི། ཁྲིམས་འཛིན་བཅས་ཕྱོགས་ལྔ་གཞི་གཅིག་ཅན་གྱི་སྲུང་སྐྱོང་བྱེད་སྟངས་གསར་གཏོད་ཀྱིས་ལག་བསྟར་བྱས་ཡོད།
མཚོ་སྔོན་ཞིང་ཆེན་ནི་ནགས་ཚལ་དང་རྩྭ་ཐང་། རླན་ས། བྱེ་ཐང་བཅས་སྣ་མང་གི་སྐྱེ་ཁམས་མ་ལག་ལྡན་པ་ཞིག་ཡིན་པས། ས་གནས་སོ་སོའི་ས་གཞིའི་ཆ་རྐྱེན་དང་སྲུང་སྐྱོང་གི་དཀའ་གནད་ལ་ཁྱད་པར་ཆེན་པོ་ཡོད། 《བྱེད་ཐབས》འདིས་ལས་རིམ་ཧྲིལ་པོ་ཆ་ཚང་བར་མཐུད་སྦྲེལ་བྱས་ཏེ། སྔོན་མར་ལས་གཞི་ཞིབ་བཤེར་རྩིས་སྤྲོད་ཀྱི་ལྷུ་ཚིགས་དང་སྦྲེལ་མཐུད་བྱས་ཤིང་། ཉིན་བཅོ་ལྔའི་རྩིས་སྤྲོད་དུས་བཅད་གསལ་པོར་བཟོས་པ་དང་། དབང་ཆའི་ཁྱབ་ཁོངས་ལྟར་རྒྱལ་ཁབ་ཀྱི་ནགས་ར་དང་ཞང་དང་གྲོང་རྡལ་སྲིད་གཞུང་། གྲོང་རྡལ་ཨུ་ཡོན་ལྷན་ཁང་བཅས་སྣེ་ལེན་བྱེད་མཁན་གྱི་འགན་འཁྲི་ཁ་གསལ་བཟོས་ཏེ། བཟོ་སྐྲུན་གཙོ་བོ་དང་དོ་དམ་ཕལ་བ་བྱེད་པའི་གནད་དོན་ལམ་ལུགས་ཀྱི་ཐོག་ནས་སེལ་བར་བྱས། ནགས་གསར་འདེབས་པ་དང་ནགས་ཚལ་གསར་པའི་ས་ཁུལ་ལ་ལོ་གསུམ་ཡན་ཆད་རྒྱུན་མཐུད་དུ་གསོ་སྐྱོང་བྱེད་པ་དོན་འཁྱོལ་བྱེད་དགོས་པ་དང་། ཕྱུགས་ཟོག་གིས་ཟ་བར་སྔོན་འགོག་ནན་པོ་བྱེད་དགོས་པ། བྱེ་འགྱུར་ས་ཆའི་བཀག་སྡོམ་ཁུལ་དང་སྐྱེ་ཁམས་ཉམས་ཞན་ཁུལ་ལ་ལོ་ཧྲིལ་པོར་ཕྱུགས་འཚོ་བཀག་སྡོམ་བྱེད་པ་དང་། བྱེ་འགོག་སྲུང་ཡོལ་དང་སྲུང་ར་སོགས་བྱེ་འགོག་སྒྲིག་ཆས་གཙོ་བོར་སྲུང་སྐྱོང་བྱེད་དགོས། རླན་ས་བསྐྱར་གསོའི་ཁུལ་གྱི་བསྐྱར་གསོའི་དུས་ཡུན་ནང་ཁྱབ་ཁོངས་ཡོངས་སུ་བརྡབ་གསིག་གཏོང་བ་བཀག་སྡོམ་བྱེད་པ་དང་། དུས་མཚུངས་སུ་ཆུ་རྒྱུན་དང་སྐྱེ་དངོས་སྣ་ཚོགས་ཀྱི་རྒྱུན་རིང་ལྟ་ཞིབ་ཚད་ལེན་བྱེད་དགོས་ལ། ཚད་གཞི་ལོན་རྗེས་སྒྲིག་སྲོལ་ལྟར་གོ་རིམ་ལྡན་པའི་སྒོ་ནས་ཚད་མཐུན་གྱི་བེད་སྤྱོད་བྱེད་དགོས། རྩྭ་ཐང་སྲུང་སྐྱོང་ནི་ད་ཡོད་ཀྱི་རྩྭ་ཐང་བསྐྱར་གསོ་དང་སྲུང་སྐྱོང་གི་འབྲེལ་ཡོད་ལམ་ལུགས་དང་སྦྲེལ་མཐུད་བྱེད་དགོས།
རིམ་པ་ཁག་གི་ནགས་དཔོན་དང་ནགས་སྲུང་བ་རྣམས་གཅིག་སྡུད་དང་གྲངས་འཛིན་ལག་རྩལ། བཟོ་སྐྲུན་སྒྲིག་བཀོད། ཁྲིམས་འཛིན་ལྟ་སྐུལ་སོགས་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་ཀྱི་ནགས་ར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་པར་བྱེད་དགོས། ཐུན་མོང་གི་ས་ཁོངས་སུ་མཉམ་ལས་ཁང་དང་ཞིང་འབྲོག་མང་ཚོགས་ཀྱིས་སྲུང་སྐྱོང་དོ་དམ་ནང་ཞུགས་པར་སྐུལ་ལྕག་བྱེད་པ་དང་། སྐོར་སྲུངAppདང་བརྙན་ལམ་ལྟ་ཞིབ། མཁའ་སྐྱོད་གློག་འཕྲུལ་སོགས་གྲངས་འཛིན་ཅན་གྱི་ལག་རྩལ་ལ་བརྟེན་ནས། སྐྱེ་ཁམས་ཉམས་ཞན་གྱི་ཚད་གཞི་ལྟར་སྐོར་སྲུང་བྱེད་ཐེངས་ལ་སྐབས་བསྟུན་གྱིས་འགྱུར་བ་གཏོང་བ་དང་། མེ་སྐྱོན་ཉེན་ཁ་ཆེ་བའི་ས་ཁུལ་དང་། བྱེ་འགྱུར་ས་ཁུལ་གཙོ་བོ། རླན་སའི་ལྟེ་བའི་ཁུལ་བཅས་སུ་སྐོར་སྲུང་ཤུགས་ཆེར་གཏོང་བ། གནས་བབ་དང་བསྟུན་པ་དང་དམིགས་འབེན་ཅན་གྱི་སྒོ་ནས་སྲུང་སྐྱོང་དོ་དམ་བྱེད་ཐུབ་པ་བྱེད་དགོས། འགན་ལེན་རྒྱབ་སྐྱོར་རྒྱུན་མཐུད་དུ་ཤུགས་ཆེར་གཏོང་བ་དང་། སྲུང་སྐྱོང་དོ་དམ་གྱི་འགྲོ་གྲོན་རིམ་པ་དེའི་ནོར་སྲིད་སྔོན་རྩིས་ནང་འཇུག་པ། དེ་དང་ཆབས་ཅིག་དབུལ་ཐར་མི་འབོར་དང་ལྟ་ཞིབ་བྱ་ཡུལ་སོགས་ཀྱི་ཚོགས་སྡེ་རྣམས་སྔོན་ལ་ནགས་སྲུང་བར་གདན་ཞུ་བྱས་ཏེ། སྲུང་སྐྱོང་དོ་དམ་གྱི་ལས་དོན་དེ་ཁ་ཐོར་ཅན་ནས་ཚད་ལྡན་ཅན་དང་རྒྱུན་རིང་ཅན་གྱི་ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས།
རྒྱུན་མཐུད་ངང་སྐྱེ་ཁམས་དམངས་ཕན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཕན་ལས་གནས་བཀོད་སྒྲིག་བྱས་ནས་མང་ཚོགས་ཀྱིས་སྐོར་སྲུང་དང་སྒྲིག་བཀོད་ཉམས་གསོའི་ནང་ཞུགས་པ་བརྒྱུད་བརྟན་ལྷིང་གི་ཡོང་འབབ་ཐོབ་པར་འགན་ལེན་བྱེད་དགོས་པ་དང་། ཤིང་འཛུགས་ནགས་སྲུང་མཉམ་ལས་ཁང་དང་འབྲོག་པ་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་། འབྲོག་པ་དང་ཞིང་པས་རང་ཉིད་ཀྱིས་བསྐྲུན་ཞིང་རང་ཉིད་ཀྱིས་དོ་དམ་བྱེད་པ་སོགས་ཀྱི་སྲུང་སྐྱོང་བྱེད་སྟངས་ལ་སྐུལ་ལྕག་གཏོང་དགོས་པ་དང་། འབྲོག་པ་དང་ཞིང་པས་ཤིང་འཛུགས་ནགས་སྲུང་དང་རྩྭ་ཐང་སྲུང་སྐྱོང་གི་ལས་འགན་འཁུར་བར་རྒྱབ་སྐྱོར་བྱེད་དགོས་ལ། དེ་དང་ཆབས་ཅིག་ཏུ་སྲུང་སྐྱོང་ལམ་སྲོལ་དེ་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་གུན་གསབ་དང་། རྩྭ་ཐང་ཕྱིར་སློག་དང་ཤིང་འཛུགས་ནགས་བཟོའི་ཁ་གསབ་རོགས་དངུལ་སོགས་དམངས་ཕན་སྲིད་ཇུས་དང་མཐུན་སྦྱོར་བྱེད་དགོས་པ་དང་། ཐུན་མོང་དང་སྒེར་གྱི་བདག་དབང་ཡོད་པའི་ནགས་ཚལ་དང་རྩྭ་ཐང་གི་སྲུང་སྐྱོང་དབང་ཆ་གསལ་པོ་བཟོ་དགོས་ཏེ། མང་ཚོགས་ཀྱིས་སྔོ་ལྗང་ལྗོངས་རྣམ་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་ཏུ། སྐྱེ་ཁམས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་ཐོབ་པར་བྱེད་དགོས། །