སྡེ་ཚན་བདུན་གྱིས《བརྡ་ཁྱབ་ཐོན་ལས་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད》ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས20ཉིན། གསར་འགོད་པས་ཤེས་གསལ་ལྟར་ན། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་། རིག་གནས་དང་ཡུལ་སྐོར་པུའུ། སློབ་གསོ་པུའུ། སྤྱི་བདེ་པུའུ། ཚོང་དོན་པུའུ། རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་བཅས་ཀྱིས་ཉེ་ཆར《བརྡ་ཁྱབ་ཐོན་ལས་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད》མཉམ་འབྲེལ་སྒོས་དཔར་འགྲེམས་བྱས་ནས། 2030ལོར་བསླེབ་སྐབས་བརྡ་ཁྱབ་ཐོན་ལས་ཀྱི་གཞི་ཁྱོན་ལོ་རེར་ཆ་སྙོམས་ཀྱིས10%ཡས་མས་འཕར་རྒྱུ་ཡིན་པ་བསྟན་ཡོད།

འཆར་འགོད་ནང་། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་བརྡ་ཁྱབ་གཉེར་སྐྱོང་བྱེད་པོའི་འཕེལ་རྒྱས་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་རྒྱུ་དང་། ཐོན་ལས་ཞིབ་འཇུག་གསར་སྤེལ་དང་གསར་གཏོད་ཐད་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས། གྲངས་གཞི་དང་རིག་སྟོབས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོར་འདེགས་གཏོང་རྒྱུ་ཡིན་ལ། བརྡ་ཁྱབ་ཀྱིས་ཐོན་ལས་རིམ་སྤོར་ལ་འདེགས་སྐྱོར་བྱེད་པ་དང་སྔར་བས་འཛད་སྤྱོད་འཕེལ་རྒྱས་ནུས་ལྡན་ཡོང་བར་བྱས་ནས།“སྤུས་རྟགས་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི”མདུན་སྐྱོད་ལ་སྐུལ་འདེད་གཏོང་རྒྱུ་དང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་འདྲེས་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་གི་སྟོད་སྨད་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཐད་ཚད་བརྒལ་གསར་པ་མངོན་འགྱུར་བྱ་རྒྱུ། བརྡ་ཁྱབ་བརྩམས་ཆོས་ཀྱི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས། རིག་གནས་ཀྱི་ཡིད་ཆེས་མངོན་པ་དང་ཀྲུང་གོའི་གཏམ་རྒྱུད་བརྗོད་པའི་བརྡ་ཁྱབ་རྩེ་གྲ་ཁག་གཅིག་བཏོན་ཏེ། སྤྱི་ཕན་བརྡ་ཁྱབ་གསར་རྩོམ་དང་བརྒྱུད་སྤེལ་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་རྒྱུ། མཚམས་སྦྱོར་བརྡ་ཁྱབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་གྱི་ཕན་ནུས་མངོན་གསལ་དོད་པོས་ཆེ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་རྒྱུ་བཅས་བཏོན་ཡོད།

འཆར་འགོད་ནང་། ཕྱོགས་ལྔའི་ཐད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཡོད། གཅིག་ནི་གསར་གཏོད་ལ་སྐུལ་འདེད་བཏང་ནས་གྲངས་འཛིན་རིག་སྟོབས་ཅན་གྱི་ཕྱོགས་སྒྱུར་དང་། གཙོ་གཞི་གསོ་སྐྱོང་། གསར་གཏོད་མཐོར་འདེགས། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། བརྡ་ཁྱབ་ལག་རྩལ་དང་ནང་དོན། རྣམ་པ། ལས་རིགས་རྣམ་པ་བཅས་ཕྱོགས་ཡོངས་ནས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ། གཉིས་ནི་མཉམ་འདྲེས་ནུས་པ་སྤྲོད་རྒྱུ་དང་། བརྡ་ཁྱབ་དང་བཟོ་སྐྲུན་ལས་རིགས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བ། ཞབས་ཞུའི་ལས་རིགས་གཞན་དག འཛད་སྤྱོད་ལ་སྐུལ་འདེད་བཅས་མཉམ་འདྲེས་གཏིང་ཟབ་བྱས་ནས། བརྡ་ཁྱབ་ཐོན་ལས་ཀྱིས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་མཐོར་འདེགས་གཏོང་བ། གསུམ་ནི་མཐུན་སྦྱོར་སྒོ་འབྱེད་བྱས་ནས་ས་ཁུལ་ཁག་གིས་ཡུལ་བབ་དང་བསྟུན་ཏེ་ཁྱད་ཆོས་ཅན་དང་ཆེད་ལས་ཅན་གྱི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱས་ཏེ། ཐོན་ལས་གཅིག་སྡུད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། བརྡ་ཁྱབ་དང་སྤུས་རྟགས་མཉམ་དུ་ཕྱི་རྒྱལ་དུ་བསྐྱོད་རྒྱུར་རྒྱབ་སྐྱོར་བྱས་ནས། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་གཏོང་ཟབ་ཏུ་གཏོང་བ། བཞི་ནི་རིན་ཐང་གིས་བླ་སྲོག་བསྐྲུན་པ་དང་། སྤུས་ལེགས་སྤྱི་ཕན་བརྡ་ཁྱབ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཕན་བརྡ་ཁྱབ་གསར་རྩོམ་དང་ཁྱབ་སྤེལ་གྱི་དངུལ་གཏོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཕན་བརྡ་ཁྱབ་ཀྱི་སྣ་མང་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། སྤྱི་ཕན་བརྡ་ཁྱབ་ཀྱི་སྤུས་ལེགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྔ་ནི་ཕན་ནུས་ཆེ་བའི་བཅོས་སྐྱོང་དང་། ལྟ་སྐུལ་དོ་དམ་ཚད་ལྡན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཉམ་འཛིན་མཐའ་འཁྱོངས་དང་། བརྡ་ཁྱབ་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། སྣ་མང་མཉམ་སྐྱོང་གི་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བརྡ་ཁྱབ་ཀྱི་ཚད་གཞིའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་ཡིན། 

ངོ་སྤྲོད་བྱས་པར་གཞིགས་ན། རྗེས་མར་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་གྱིས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ། འཆར་འགོད་ལག་བསྟར་བྱས་ཚུལ་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་། དུས་འབྲིང་དཔྱད་དཔོག ཕྱོགས་སྡོམ་དཔྱད་དཔོག་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། གཙོ་གནད་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་པ་དང་། བརྡ་ཁྱབ་ཐོན་ལས་ཀྱིས་སྔར་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།