ཀྲུང་དབྱང་གཞུང་ལས་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གིས《ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བའི་བསམ་འཆར》ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གིས《ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས།

བསམ་འཆར་ཁྲོད། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ་ལག་བསྟར་བྱེད་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་བཏང་སྟེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ལས་ཁུངས་སོ་སོ་མཐུན་སྦྱོར་བྱས་ཏེ། ཞིབ་འཇུག་གསར་སྤེལ་ཟུང་འབྲེལ་བྱས་ནས་གསར་གཏོད་ཀྱི་ལམ་སྲོལ་འཛུགས་པ་དེ་གནད་འགག་ཏུ་བརྩིས་ནས། ཕྲེང་འབྲེལ་ཡོངས་ལ་མཐུད་པ་དང་ཁྱབ་ཁོངས་ཡོངས་སུ་ཁེབས་པ། རྒྱུ་རྐྱེན་གཙོ་བོ་ཚང་མ་འབྲེལ་མཐུད། ཕྱོགས་ཡོངས་ནས་འགན་ལེན་བཅས་མངོན་འགྱུར་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཕན་ཚུན་གཅིག་ཕན་གཅིག་གྲོགས་ངང་ཡར་རྒྱས་འགྲོ་བའི་རྣམ་པ་གསར་པ་ཞིག་ཆགས་པའི་རྨང་གཞིའི་སྟེང་། ཚན་རིག་ལག་རྩལ་སྟོབས་ལྡན་ནས་ཐོན་ལས་སྟོབས་ལྡན། དཔལ་འབྱོར་སྟོབས་ལྡན། རྒྱལ་ཁབ་སྟོབས་ལྡན་བཅས་སུ་འགྱུར་བའི་ལམ་བུ་ཤར་གཏོང་བྱས་ནས། ཆུ་ཚད་མཐོ་བའི་རང་རྟེན་རང་འབད་མགྱོགས་མྱུར་འགྲུབ་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པར་རྒྱབ་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།

བསམ་འཆར་ལས་གསར་གཏོད་ཕྲེང་འབྲེལ་དང་ཐོན་ལས་ཕྲེང་འབྲེལ་བར་ཆད་མེད་པར་འབྲེལ་བ་དམ་ཟབ་བཟོ་བ་དང་། སྤུས་ཚད་མཐོ་བའི་ཚན་རྩལ་མཁོ་སྤྲོད་ལ་བརྟེན་ནས་དེང་རབས་ཐོན་ལས་མ་ལག་འཛུགས་སྐྱོང་ལ་རྒྱབ་སྐྱོར་དང་། ཁེ་ལས་ཀྱིས་སྣེ་ཁྲིད་པའི་སློབ་གྲྭ་དང་ལས་རིགས་བར་གྱི་མཉམ་འབྲེལ་གསར་གཏོད་ཤུགས་ཆེར་གཏོང་བ། ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་ནུས་པ་ཆེ་རུ་གཏོང་བ། མཉམ་འདྲེས་ཟབ་མོ་ཡོང་བའི་ཁོར་ཡུག་བཟང་པོ་བསྐྲུན་པ། མཉམ་འདྲེས་ཟབ་མོའི་འཕེལ་རྒྱས་ཀྱི་གོ་སྐབས་རྒྱ་སྐྱེད་པ་སོགས་ཀྱི་ཐད་ནས་ཞིབ་ཕྲའི་འཆར་གཞི་བཀོད་ཡོད་པ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།