རང་རྒྱལ་གྱིས་ཁེ་ལས་ཆུང་འབྲིང་གི་ཆེད་ཞིབ་ཁྱད་གསར་ནུས་གནང་ལྟེ་གནས་སྐོར་ཞིག་འཛུགས་སྐྲུན་བྱ་རྒྱུ་རེད།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ཏེ། "ལོ་ལྔའི་འཆརའ་གོད་བཅོ་ལྔ་པའི"རིང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁེ་ལས་ཆུང་འབྲིང་གི་ཆེད་ཞིབ་ཁྱད་གསར་གྱི་ནུས་གནང་ལྟེ་གནས་སྐོར་ཞིག་འཛུགས་སྐྲུན་བྱས་ནས། གཙོ་གནད་ཁྱབ་ཁོངས་ལ་ཁྱབ་པ་དང་རྒྱལ་ཡོངས་རང་བཞིན་གྱི་ཆེད་ཞིབ་ཁྱད་གསར་གྱི་ནུས་གནང་ལྟེ་གནས་དྲ་རྒྱ་ཆགས་པར་བྱེད་པ་དང་། ཁེ་ལས་ཆུང་འབྲིང་གི་ཆེད་ཞིབ་ཁྱད་གསར་མངོན་གསལ་གྱིས་མཐོ་རུ་གཏོང་བ་དང་། ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་ཆུང་ཆུང་སྐོར་ཞིག་རྒྱུན་མཐུད་ངང་ཐོན་པར་སྐུལ་འདེད་གཏོང་དགོས།

ཁེ་ལས་ཆུང་འབྲིང་གི་ཆེད་ཞིབ་ཁྱད་གསར་ནུས་གནང་ལྟེ་གནས་དེ་ལས་རིགས་བྱེ་བྲག་ཏུ་དབྱེ་བར་དམིགས་ཏེ། བརྒྱུད་རིམ་ཧྲིལ་པོར་ལག་རྩལ་གསར་གཏོད་ཞབས་ཞུ་ལྟེ་བར་འཛིན་པ་དང་། ཁེ་ལས་ཆུང་འབྲིང་གི་ཆེད་ཞིབ་ཁྱད་གསར་འཕལ་རྒྱས་འབྱུང་བར་རོགས་རམ་བྱེད་པའི་ཚན་རྩལ་གསར་གཏོད་ཞབས་ཞུའི་ལས་ཁུངས་ཤིག་ཏུ་ངོས་འཛིན་བྱས་ཡོད། བརྡ་ཐོའི་ནང་སྒྲིག་གཞི་གསར་པ་འཛུགས་པའམ་ཡང་ན་ད་ལྟ་ཡོད་པའི་སྒྲིག་གཞིར་ལེགས་བཅོས་བྱས་པ་བརྒྱུད་འཛུགས་སྐྲུན་ལས་དོན་སྐུལ་འདེད་གཏོང་བ་ལས་སྒྲིག་གཞི་རྙིང་པ་ཐད་ཀར་མིང་བྱང་བཀལ་མི་ཆོག་པ་དང་།"མིང་བྱང་འགེལ་བར་མཐོང་ཆེན་དང་ཕན་འབྲས་དངོས་ལ་སྣང་མེད"མི་བྱེད་པ་གསལ་བོར་བཏོན་ཡོད།

བརྡ་ཐོའི་ནང་ཁེ་ལས་ཆུང་འབྲིང་གི་ཆེད་ཞིབ་ཁྱད་གསར་ནུས་གནང་ལྟེ་གནས་ཀྱིས་བླང་བྱར་དམིགས་ཏེ། ཁེ་ལས་ཀྱི་དངོས་ཡོད་དཀའ་ངལ་དང་གསར་གཏོད་ཞན་ཆ་སེལ་ཐབས་ལ་དོ་སྣང་ཆེན་པོ་བྱེད་དགོས། ལག་རྩལ་གསར་གཏོད་ཐད་ཞབས་ཞུ་ཏན་ཏིག་སྒོས་བསྒྲུབས་ཏེ་ཆེད་ལས་ཚོགས་པ་བཙུགས་ནས་ཁེ་ལས་ཆུང་འབྲིང་གིས་ཡིད་རྟོན་རུང་བའི"མཉམ་ལས་རོགས་ཟླར"འགྱུར་བར་བྱས་ཏེ། ཕྲེང་འབྲེལ་ཧྲིལ་པོ་དང་ནུས་ཚད་ཆེ་ཞིང་ཆེད་ལས་ཡིན་པའི་གསར་གཏོད་ཞབས་ཞུ་མཁོ་འདོན་བྱེད་དགོས། ད་ཡོད་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་རྒྱུ་རྐྱེན་སྣ་ཚོགས་ཁེ་ལས་ཕྱོགས་སུ་གནད་སྨིན་འཁོར་རྒྱུག་དང་ཕན་ནུས་ཆེན་པོས་བཀོད་སྒྲིག་བྱས་ནས།"སྲིད་ཐོན་སློབ་ཞིབ་བཀོད་དངུལ་བཅས་ལྔ་ཟུང་འབྲེལ་གྱི་མཐུན་སྦྱོར་གསར་གཏོད་ཀྱི་རྣམ་པ་བཟང་པོ་བསྐྲུན་དགོས་པའི་བླང་བྱ་བཏོན།

གཞན་ཡང་བརྡ་ཐོའི་ནང་བསྟན་དོན། ཁེ་ལས་ཆུང་འབྲིང་གི་ཆེད་ཞིབ་ཁྱད་གསར་ནུས་གནང་ལྟེ་གནས་འཛུགས་སྐྲུན་བྱེད་སྟངས་ནི"ཞིང་ཆེན་སོ་སོས་འགན་འཁུར་བ་དང་ཀྲུང་དབྱང་དང་ས་གནས་མཉམ་དུ་སྒྲུབ་པ"ཡི་ལམ་ལུགས་ལག་བསྟར་བྱས་ཏེ། ས་གནས་རང་འགུལ་རང་བཞིན་དང་གསར་གཏོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས། ཁེ་ལས་ཆུང་འབྲིང་སྣེ་ཁྲིད་མཁན་གྱི་ལག་རྩལ་ཨུ་ཡོན་ལྷན་ཁང་བཙུགས་པ་དེས་ནང་དོན་མཁོ་སྤྲོད་བྱེད་པ་དང་། ཐོན་ཁུངས་འདེམས་སྒྲུག་གཅིག་གྱུར་འཆར་འགོད་བྱེད་པ། ཞབས་ཞུའི་གྲུབ་འབྲས་དཔྱད་ཞིབ་བྱེད་པ་བཅས་ཀྱི་ལས་འགན་འཁུར་དགོས།"སྤྱི་ཕན་རང་བཞིན་དང་ཚོང་གཉེར་ལམ་ལུགས"ཟུང་འབྲེལ་འཁོར་སྐྱོད་དཔེ་དབྱིབས་འཚོལ་ཞིབ་དང་ལག་བསྟར་བྱེད་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།