ལུའོ་ཏུང་ཁྲོན་གྱིས་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བིའ་འཕྲིན། ཟླ10པའི་ཚེས21ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས། ཁོས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་མཚོ་ཤར་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་དུས་རིམ་གསར་བར་སླེབས་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བར་གནང་བའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་བསམ་བཀོད་གཅིག་གིས་བྱ་བ་སྣ་ཚོགས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚད་མཐའ་སྲུང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་འདེགས་སྐྱོར་ཇེ་བརྟན་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་མདུན་གྲལ་དུ་བསྐྱོད་པ། རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ཐད་ཤུགས་སྣོན་པ། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་ཐད་མིག་དཔེ་སྟོན་པ་བཅས་བྱས་ནས། ལོ་འཁོར་གྱི་དམིགས་འབེན་ལས་འགན་ཧུར་ཐག་གིས་འགྲུབ་པར་བྱེད་པ་དང་། སང་ལོའི་གཙོ་གནད་བྱ་བར་འཆར་འགོད་ནན་མོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་ལེགས་པའི་འདེགས་སྐྱོར་གྱི་ནུས་པ་འདོན་དགོས།

ལུའོ་ཏུང་ཁྲོན་སྔ་རྗེས་སུ་མཚོ་སྔོན་ཀྲའོ་རའེ་ནཱ་གྱེས་རྡུལ་གློག་སྨན་དང་ནུས་གསོག་སྒྲིག་ཆས་བཟོ་སྐྲུན་ལས་གཞིའི་ཡུལ་དངོས་དང་། མཚོ་སྔོན་བདེ་འཇགས་ཀྱི་སྤུས་ལེགས་ཧ་ཡང་ལས་རིགས་ཚད་ཡོད་ཀུང་ཟིར་སོང་ནས། མཚོ་ཤར་བཟོ་ལས་གླིང་ཁུལ་རྨ་ཙོང་ཁུལ་གསར་གྱི་ཐོན་ལས་སྒྲིག་བཀོད་འཆར་འགོད་སྙན་ཞུ་ལ་ཉན་པ་དང་། གོ་སྐབས་དམ་འཛིན་དང་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། མུ་ཕྲེང་ཧྲིལ་བོའི་སྡེབ་སྒྲིག་འཐུས་ཚང་དུ་གཏོང་བ་དང་། ནུས་ཁུངས་གསར་བའི་རྒྱུ་ཆ་གསར་བ་དང་རྩིས་ནུས་ཐོན་ལས་ལ་ཤུགས་སྣོན་དགོས་པ་བཅས་ནན་གྱིས་བསྟན། མཚོ་ཤར་ཏུང་ཧུང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་ཟི་རུ། ལུའོ་ཏུང་ཁྲོན་གྱིས་རྒྱལ་ཁབ་རིམ་པའི་ལོག་གར་དབྱར་སྐྱེ་རྟེན་གཞི་འཛུགས་སྐྲུན་དང་སྤུས་ལེགས་ས་བོན་སྐྱེ་འཕེལ་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ནས། འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ་དང་། མཐོ་སྒང་གི་ཁྱད་ལྡན་འདེབས་འཛུགས་ལས་རིགས་རྒྱ་བསྐྱེད་དེ། སྤུས་ལེགས་ནུས་མཐོའི་ཞིང་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་ཡག་པོར་བསྐྱོད་དགོས་པ་ནན་གྱིས་བསྟན། ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་འཐེན་ཐུག་ཐོན་ལས་འཕེལ་རྒྱས་དང་ཞིང་འབྲེལ་ཞིང་ཁྲིད་ཀྱི་གནས་ཚུལ་ལ་ཐུགས་ཁུར་ཟབ་མོ་བྱས་པ་དང་། མིན་ཧོ་རྫོང་གི་འཐེན་ཐུག་ལས་རིགས་ལག་རྩལ་འགྲན་སྡུར་སྐབས་དང་པོའི་ཡུལ་དངོས་སུ། མུ་ཕྲེང་ཧྲིལ་བོར་སྤུས་ཀ་ཇེ་ལེགས་དང་ཚོང་རྟགས་བསྐྲུན་པ། ཚད་ལྡན་མ་ལག་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་བ་དང་། འདོན་སྤྲོད་མུ་ཕྲེང་གི་ཞབས་ཞུའི་མ་ལག་བསྐྲུན་པ། ཐོན་ལས་ཁུལ་ཁོངས་ཀྱི་སྤྱི་ཡོངས་བཀོད་སྒྲིག་འཛུགས་སྐྲུན་དང་། མཚོ་སྔོན་འཐེན་ཐུག་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་པ་བཅས་ནན་གྱིས་བསྟན། མིན་ཧོ་རྫོང་པཱ་ཨར་སྡེ་བའི་ཉེན་གཡོལ་གནས་སྤོ་གཅིག་བསྡུས་བདེ་འགོད་ས་ཚིགས་སུ། ལུའོ་ཏུང་ཁྲོན་གྱིས་འཆར་འགོད་ཇུས་འགོད་གཅིག་གྱུར་དང་། སྡེབ་སྒྲིག་སྒྲིག་བཀོད་འཐུས་ཚང་། ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལེགས་པོར་བསྒྲུབ་སྟེ། གནས་སྤོ་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ལ་དངོས་སུ་འགན་སྲུང་བྱེད་དགོས་པ་བསྟན། ལི་ཏུའུ་ཆུས་ངལ་ལས་ཚོང་རྟགས་བསྐྲུན་པའི་ཞབས་ཞུའི་རྟེན་གཞི་རུ། ལུའོ་ཏུང་ཁྲོན་གྱིས་ལི་ཏུའུ་ཡི་ཆེད་ལས་མི་སྣ་དང་ལི་ཏུའུ་ཡི་ཆུ་དྲོད་བཟོ་པ་སོགས་ཀྱི་ཁྱད་ལྡན་ངལ་ལས་ཚོང་རྟགས་འཛུགས་སྐྲུན་གྱི་གནས་ཚུལ་ལ་ཉན་ནས། ཁྲོམ་ར་ཅན་གྱི་འཁོར་རྒྱུག་དང་ཚད་ལྡན་ཅན་གྱི་སྐྱེད་སྲིང་རྒྱུན་འཁྱོངས་དང་། ཚོང་རྟགས་ཅན་གྱི་ཁྱབ་གདལ་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལས་རིགས་ལག་རྩལ་རིམ་པའི་ཁས་ལེན་ཇེ་མགྱོགས་སུ་གཏོང་བ་དང་། མང་ཚོགས་ཀྱི་ལས་གནས་བརྟན་པོ་དང་ཡོང་འབབ་འཕར་བར་སྔར་ལས་ལེགས་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

བཞུགས་མོལ་ཚོགས་འདུའི་སྟེང་། ལུའོ་ཏུང་ཁྲོན་གྱིས་མཚོ་ཤར་གྲོང་ཁྱེར་དང་རྫོང་དང་ཆུས་སོ་སོའི་བྱ་བའི་སྙན་ཞུར་ཉན། ཁོས་ནན་གྱིས་བསྟན་དོན། ཤེས་རྟོགས་སྔར་ལས་མཐོ་རུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞིའི་རང་བཞིན་གྱི་བྱ་བ་ལེགས་པོར་བསྒྲུབ་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚད་མཐའ་བརྟན་སྲུང་དང་། བཙོག་འབུད་གནས་བཅོས་སྐྱོང་ལ་སྐུལ་འདེད་ཟབ་མོ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ཀྱི་རྐྱེན་སྲོལ་མཐུན་སྦྱོར་རྐྱེན་སྲོལ་བེད་སྤྱོད་ལེགས་པོ་བྱས་ཏེ། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་མཁན་བཟང་པོ་ཞིག་བྱེད་དགོས། སྔོན་ཐོན་བཟོ་སྐྲུན་དང་རྒྱུ་ཆ་གསར་བ། ནུས་ཁུངས་གསར་བ་བཅས་ཀྱི་ཐོན་ལས་མུ་ཕྲེང་བསྲིངས་པ་དང་ཁ་གསབ།  སྟོབས་ལྡན་དུ་གཏོང་བར་ནུས་ཤུགས་ཡོད་རྒུ་བཏོན་ནས། ལྗང་མདོག་རྩིས་ནུས་འཕེལ་རྒྱས་དང་མཐོ་སྒང་གི་རོང་འབྲོག རིག་གནས་ཡུལ་སྐོར་ཁམས་གསོ་སོགས་ཁྱད་ལྡན་དགེ་མཚན་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ་དང་། ཤར་ནུབ་རྒྱུད་མཉམ་ལས་ཟབ་སྤེལ་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར། ཚོང་གཉེར་ཁོར་ཡུག་ལེགས་པོ་བརྒྱུད་ནས་ཁེ་ལས་ཆེན་པོ་དང་སྟོབས་ཤུགས་ཆེན་པོ་ནང་འདྲེན་བྱས་ནས། ཐོན་ལས་དེ་སྡེ་ཚོགས་ཅན་དང་རིག་ནུས་ཅན། རྩེ་རིམ་ཅན་བཅས་སུ་སྤོ་བར་སྐུལ་འདེད་གཏོང་དགོས། མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་ནུས་ལྡན་གྱིས་སྐུལ་སྤེལ་གཏོང་བ་དང་། མཉམ་འདྲེས་རྣམ་པའི་སྡེ་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཁྲིམས་སྲོལ་སྒྲིག་སྲོལ་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་མཚོ་ཤར་གྱི་མ་དཔེ་བསྐྲུན་དགོས། ལན་ཀྲུའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པ་འཛུགས་སྐྲུན་དང་། ཟི་ལིང་དང་མཚོ་ཤར་གྱི་གྲོང་ཁྱེར་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་མཉམ་འདྲེས་ཟབ་མོ་དང་། གྲོང་ཁྱེར་གསར་སྒྱུར་གྱི་འགུལ་སྐྱོད་ཚད་གཞི་མཐོན་པོས་ལག་ཏུ་བསྟར་ནས། ལྟེ་བའི་གྲོང་ཁྱེར་ཁུལ་གྱི་ཕྱོགས་བསྡུས་ཐེག་ནུས་སྟོབས་ཆེར་གཏོང་བ་དང་། རྫོང་ཁོངས་དཔལ་འབྱོར་གྱི་འཕེལ་གནས་མྱུར་དུ་སྐྱེད་སྲིང་། ཚད་གཞི་སྔར་ལས་མཐོ་ཞིང་བྱེད་ཐབས་དངོས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བར་སྐུལ་འདེད་གཏོང་བ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་དང་གཞི་རིམ་དུ་དངོས་འབེབས་བྱས་ནས། ལས་འགན་འདུ་ཤེས་དང་འབད་འཐབ་སེམས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། མྱུར་དུ་བསྒྲུབ་པ་དང་དངོས་འཛིན་དངོས་གཉེར་གྱི་སྤྱོད་ཚུལ་ལེགས་པོ་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ། མཚོ་ཤར་གྱི་བྱ་གཞག་སྣ་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་དངོས་སུ་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།

ཀྲང་ཅིན་ཀང་དང་ཝུའུ་ལ་ཙི་པེ་ཁི·རེ་སུའུ་ལི་ཧན་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།