ཞི་ཅིན་ཕིང་གིས་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་བཙུགས་ནས་ལོ་ངོ70འཁོར་བར་ཤིས་འཕྲིན་སྤྲིངས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་བཙུགས་ནས་ལོ་ངོ70འཁོར་བའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་འཕྲིན་སྤྲིངས་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཤིས་འཕྲིན་ནང་བསྟན་དོན།  ལོ་ངོ70 ཡི་རིང་ལ།   ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས”རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་བློ་གཅིག་སེམས་གཅིག་ཡིན་པ། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཏང་ཕྱི་མི་སྣ་སྐོར་ཞིག་གསོ་སྐྱོང་བྱས་ཏེ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།   འགོ་རྩོམ་ས་གསར་པའི་སྟེང་ཁྱོད་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཡང་དག་པའི་སློབ་གཉེར་ཁ་ཕྱོགས་དམ་པོར་འཛིན་པ། ཆབ་སྲིད་གསོ་སྦྱོང་ལ་མུ་མཐུད་དུ་ཤུགས་རྒྱག་པ་དང་། ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་བྱེད་པ། སློབ་ཁྲིད་ཚན་རིག་ཞིབ་འཇུག་དང་བཅོས་སྐྱོང་ཁང་གི་ཆུ་ཚད་མཐོ་རུ་བཏང་སྟེ།  འཐབ་ཕྱོགས་གཅིག་གྱུར་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། རིགས་པའི་གཞུང་ལུགས་ཞིབ་འཇུག  བྱེད་ཕྱོགས་དང་སྲིད་ཇུས་དྲིལ་སྒྲོག་སོགས་ཀྱི་ཐད་ནུས་པ་སྔར་ལས་ལྷག་པ་བཏོན་ནས།  ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་འདེགས་སྔར་ལས་ལེགས་པ་ཞུ་དགོས།

ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་བཙུགས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཚེས20ཉིན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་ཤིས་འཕྲིན་སྒྲོག་འདོན་བྱས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཧུའུ་ཉིང་གིས་གསུང་བཤད་ཁྲོད་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་བཙུགས་ནས་ལོ་ངོ70འཁོར་བར་ཤིས་འཕྲིན་གལ་ཆེན་སྤྲིངས་ཏེ།   ལོ་ངོ70ཡི་རིང་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་གྲུབ་འབྲས་དང་བྱས་རྗེས་ཁས་ལེན་གང་ལེགས་གནང་།  དུས་རབས་གསར་པའི་འཐབ་ལམ་གསར་པའི་སྟེང་སློབ་གླིང་འཛུགས་སྐྱོང་ལ་ཤུགས་རྒྱག་པ་དང་ནུས་པ་བླ་ལྷག་འདོན་པའི་ཁ་ཕྱོགས་དང་བླང་བྱ་གསལ་བཤད་གནང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཕྱོགས་གཅིག་གྱུར་དང་ཏང་མང་མཉམ་ལས་ཀྱི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་།  ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གླིང་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན།  ལོ་ངོ70ཡི་རིང་ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་སློབ་གླིང་འཛུགས་སྐྱོང་དང་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་དང་ཐུགས་ཁུར་གནང་བ་རེད། ལྷག་པར་དུ་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་འཐབ་ཕྱོགས་གཅིག་གྱུར་དང་ཏང་མང་མཉམ་ལས་བྱ་གཞག་ཡུན་རིང་འཕེལ་རྒྱས་ལ་དམིགས་ནས།  འཐབ་ཕྱོགས་གཅིག་གྱུར་གྱི་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་དང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ལས་དོན་ལ་ཤུགས་རྒྱག་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་གནང་སྟེ།  སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་དུས་རབས་གསར་པར་འཕེལ་རྒྱས་གསར་པ་ཡོང་བར་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས།  འཐབ་ལམ་གསར་པའི་སྟེང་། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་།  དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པའི” ཆབ་སྲིད་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པ་དང་། སློབ་མས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ།   “སྲུང་སྐྱོང་གཉིས” མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་པར་ཁྲིད་སྟོན་བྱས་ཡོད།   ཆབ་སྲིད་ངོས་འཛིན་གཅིག་མཐུན་གྱི་སློབ་གསོ་དང་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་ཤུགས་རྒྱག་དགོས། ཆབ་སྲིད་གསོ་སྦྱོང་ལ་མུ་མཐུད་དུ་ཤུགས་བརྒྱབ་ནས། ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་དགོས།  སློབ་གཉེར་སྤུས་ཚད་མཐོ་རུ་བཏང་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་སྤེལ་གཏོང་དགོས། ཕྱོགས་ཡོངས་ནས་སློབ་གླིང་ནན་སྐྱོང་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། སློབ་གླིང་ནན་སྐྱོང་དང་། སློབ་གསོ་ནན་སྐྱོང་། སློབ་ཁྲིད་ནན་སྐྱོང་བཅས་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་ཡིས་ཚོགས་ཆེན་ལ་འགོ་འཛིན་བྱས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་འགོ་གཙོ་ཝུའུ་ཝུའེ་ཧྭ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི་བཅས་ཀྱིས་རེ་རེ་བཞིན་ཤིས་ཚིག་ཕུལ། 

དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན།   ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་སྟོང་སྡེ་ཆེན་མོའི་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་འགན་ཁུར་བློ་མཐུན་གཙོ་བོ།  ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་སློབ་མ་དང་དགེ་རྒན་ལས་བཟོ་དང་བློ་མཐུན་རྒན་པའི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།