ཞི་ཅིན་ཕིང་གིས་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

 རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཚེས12ནས13ཉིན་བར་པེ་ཅིང་དུ་ཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་ནས2035ལོར་སླེབས་པའི་སྐབས་ནི་བདེ་ཐང་ཀྲུང་གོ་བསྐྲུན་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་དུས་སྐབས་ཤིག་ཡིན་པས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས། དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཏེ། ལེགས་ཆ་དར་སྤེལ་གཏོང་བ་དང་། རྨང་གཞི་ཇེ་བརྟན་དུ་གཏོང་བ། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། མི་དམངས་ཀྱི་བདེ་ཐང་ཆུ་ཚད་མུ་མཐུད་དུ་མཐོ་རུ་བཏང་ནས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་འགན་ལེན་བྱ་དགོས། 

ལི་ཆང་གིས་ཕྱོགས་སྡོམ་གསུང་བཤད་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞིས་བཅས་ཚོགས་འདུར་ཞུགས། 

ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ཀྱི་བདེ་ཐང་ནི་མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་ལྡན་ཡོང་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་སུ་བཞག་སྟེ། དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་གཏན་འཁེལ་བྱས་ཤིང་། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་བཏོན། འཛམ་གླིང་སྟེང་གཞི་ཁྱོན་ཆེ་ཤོས་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་དང་། སྲོལ་རྒྱུན་གྱི་གསོ་རིག་དང་སྨན་རྫས་མ་ལག  ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག སྨན་བཅོས་འགན་སྲུང་མ་ལག་བཅས་འཛུགས་པར་སྐུལ་འདེད་གཏོང་བ་དང་། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་བྱས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་འཛུགས་སྐྲུན་བྱེད་པའི་བདེ་ཐང་ཀྲུང་གོ་ནི་དོ་སྙོམས་ཀུན་ཕན་དང་། སྤུས་ལེགས་ནུས་ལྡན་གྱི་བདེ་ཐང་ཀྲུང་གོ་ཞིག་ཡིན་པས་བདེ་ཐང་དོ་དམ་གྱི་ནུས་པ་དང་། ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ནུས་པ། སྨན་བཅོས་ཞབས་ཞུའི་ནུས་པ། སྨན་བཅོས་འགན་བཅོལ་གྱི་འདེགས་སྐྱོར་ནུས་པ། སྨན་བཅོས་སྨན་རྫས་གསར་གཏོད་ནུས་པ། འཇོན་མི་གསོ་སྐྱོང་གི་ནུས་པ་བཅས་ལྡན་དགོས། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་པའི་བདེ་ཐང་དགོས་མཁོ་ནུས་ལྡན་ངང་སྐོང་ཐུབ་པ་དང་བདེ་ཐང་གི་དམིགས་འབེན་གཙོ་བོ་རྒྱུན་མཐུད་དང་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་ལ་ཁྱོན་ཡོངས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ནུས་པ་ལྡན་པས་ངེས་པར་དུ་བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་དགོས། མི་དམངས་ཀྱི་བདེ་ཐང་འགན་སྲུང་དེ་སྲིད་ཇུས་སོ་སོར་འདྲེས་པར་བྱས་ཏེ། ཕྱོགས་སོ་སོའི་ལས་ཀའི་ཁྲོད་དུ་མཚོན་པ་དང་། འཆར་འགོད་གཏན་འབེབས་དང་། སྲིད་ཇུས་ཇུས་འགོད། ལས་གཞི་རིག་སྒྲུབ་སོགས་བྱ་བའི་འཛུགས་སྐྲུན་གྱིས་མི་དམངས་ཀྱི་བདེ་ཐང་ལ་ཐེབས་པའི་ཤུགས་རྐྱེན་ལ་སྔོན་ལ་བསམ་གཞིགས་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྔོན་འགོག་ནི་ཆེས་དཔལ་འབྱོར་དང་ཆེས་ནུས་ལྡན་གྱི་བདེ་ཐང་ཐབས་ཇུས་ཤིག་ཡིན་པས། འཕྲོད་བསྟེན་དང་བདེ་ཐང་གི་རྨང་གཞིའི་རང་བཞིན་དང་འབྱུང་རྩའི་རང་བཞིན་གྱི་ལས་དོན་ཁག་དམ་འཛིན་ཞིབ་ཚགས་དང་དམ་འཛིན་ལེགས་པོ་བྱ་དགོས། དམངས་ཡོངས་ཀྱི་བདེ་ཐང་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་ཡང་དག་པའི་བདེ་ཐང་ལྟ་བ་འཛུགས་པར་ཁྲིད་སྟོན་བྱས་ཏེ། ཕན་ནུས་ལྡན་པའི་བདེ་ཐང་རང་བཟོ་དང་དོ་དམ་བྱ་དགོས། རྒྱ་ཆེའི་ན་གཞོན་ལོ་ཆུང་ཚོར་སློབ་སྦྱོང་དང་འཚོ་བའི་གོམས་གཤིས་བཟང་པོ་འཇགས་རྒྱུར་ཁྲིད་སྟོན་བྱས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བྱ་དགོས། སྐྱེ་ཁམས་ཁོར་ཡུག་དང་ཐོན་སྐྱེད་འཚོ་བའི་ཁོར་ཡུག་བཟང་པོ་བསྐྲུན་ནས་དམངས་ཡོངས་ཀྱི་ལུས་སྦྱོང་དང་། བདེ་ཐང་སྤྲོ་གསེང་ལ་སྐུལ་ལྕགས་དང་རྒྱབ་སྐྱོར་བྱ་དགོས། བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ“ཟས་རིགས་བདེ་འཇགས”སྲུང་སྐྱོང་ལེགས་པོ་བྱ་དགོས། ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་ནས་གཞི་ཁྱོན་རང་བཞིན་གྱི་རིམས་ནད་མི་འབྱུང་བའི་ཚད་མཐའ་བརྟན་པོ་སྲུང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། སྨན་བཅོས་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ནི་བདེ་ཐང་ཀྲུང་གོ་བསྐྲུན་པའི་གཙོ་གནད་ལས་འགན་ཞིག་རེད། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ནས། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་བྱེད་ནུས་གནས་ཐིག་གཏན་ཁེལ་དང་གྲུབ་ཚུལ་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། རིམ་བགོས་ནད་བརྟག་སྨན་བཅོས་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱིས་ཐག་ཉེ་སར་ནད་ལ་ལྟ་ཐུབ་པ་དང་སྨན་བཅོས་ལེགས་པོར་བྱེད་ཐུབ་པ་བྱ་དགོས། གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་པ་དང་། ལུས་ཁམས་དོ་དམ་གྱི་འབྲེལ་ཐག་ཧྲིལ་པོའི་ཞབས་ཞུ་འཐུས་ཚང་དུ་གཏོང་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་མཉམ་ལས་མཉམ་འདྲེས་བྱེད་ཤུགས་ཆེ་རུ་བཏང་སྟེ།  འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ལ་ཤུགས་བསྣན་ཏེ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས་བདེ་ཐང་ཐོན་ལས་སྟོབས་ལྡན་དུ་གཏོང་དགོས། སྨན་བཅོས་ཉམས་མྱོང་ཇེ་ལེགས་སུ་བཏང་ནས་མང་ཚོགས་ཀྱིས་སྨན་བཅོས་བྱེད་པའི་སྟབས་བདེ་ཚད་དང་ཡིད་ཚིམ་ཚད་མུ་མཐུད་མཐོ་རུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  བཅོས་བསྒྱུར་ནི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཆེན་པོ་ཡིན་ལ། སྨན་བཅོས་དང་སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཉམ་དུ་འཕེལ་རྒྱས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་བསྒྱུར་གྱི་གཙོ་རྒོལ་ཁ་ཕྱོགས་སུ་བརྩི་པར་རྒྱུན་འཁྱོངས་བྱ་དགོས།   སྨན་བཅོས་འཕྲོད་བསྟེན་ལས་དོན་ལས་ཁུངས་བཅོས་བསྒྱུར་ཇུས་གཞི་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས་པ་མ་ཟད།   སྤྱི་ཕན་རང་བཞིན་ཕྱོགས་སྟོན་དུ་བཟུང་ནས་གཞུང་བཙུགས་སྨན་ཁང་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་སྟེ།  རྫོང་དང་ཆུས།  གཞི་རིམ་སྨན་བཅོས་ལས་ཁུངས་བཅས་ཀྱི་འཁོར་སྐྱོད་འགན་སྲུང་ལ་ཤུགས་སྣོན་དགོས།   རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་སྒྲིག་འཛུགས་དང་སྨན་རྫས་ཀྱི་ཟད་གྲོན་རྒྱུ་ཆ་བསྡུ་རུབ་སྔོག་འདོན། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད། མ་དངུལ་བེད་སྤྱོད་བཅས་ཀྱི་སྲིད་ཇུས་ཇེ་ལེགས་སུ་བཏང་སྟེ།    ཐེབས་རྩ་བདེ་འཇགས་ངང་འཁོར་སྐྱོད་དང་། སྨན་ཁང་འཁོར་སྐྱོད་ལེགས་པོ་བྱེད་པ།  མང་ཚོགས་ཀྱི་ཁུར་པོ་ལུགས་མཐུན་བཅས་ཡོང་བར་བྱ་དགོས། སྨན་རྫས་མཁོ་སྤྲོད་འགན་སྲུང་དང་བེད་སྤྱོད་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།   སྨན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན།  མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱེད་པར་འཕྲོད་བསྟེན་དང་བདེ་ཐང་ཁོངས་གཏོགས་ཀྱི་ལས་བྱེད་འཇོན་མིའི་དཔུང་ཁག་སྟོབས་ཆེར་གཏོང་དགོས། རིམ་པ་སོ་སོའི་གཙོ་སྐྱོང་སྡེ་ཁག་དང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་འགོ་ཁྲིད་ཚན་ཆུང་དང་ལྷག་པར་དུ་“འགོ་ཁྲིད་དང་པོ་”ལེགས་འདེམས་བྱས་ཏེ།    གྲངས་འབོར་འདང་ངེས་དང་གྲུབ་ཚུལ་ལུགས་མཐུན། བྱང་ཚད་ལེགས་པ་བཅས་ཀྱི་སྨན་བཅོས་མི་སྣའི་དཔུང་ཁག་ཅིག་འཛུགས་སྐྱོང་གང་ཐུབ་བྱ་དགོས། སྨན་པའི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ།   ལས་རིགས་ཀྱི་དར་སྲོལ་བཟང་པོ་བསྐྲུན་དགོས། སྨན་བཅོས་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།   མི་ཚང་མས་བདེ་ཐང་ལོངས་སྤྱོད་བྱེད་པ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་པས།   མིའི་རིགས་ཀྱི་འཕྲོད་བསྟེན་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་འགྲན་སློང་གལ་ཆེན་ལ་གདོང་གཏད་དེ།   རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས།   “རྒྱུད་གཅིག་ལམ་གཅིག་”གི་འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ།    འཕྲོད་བསྟེན་གྱིས་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་བྱ་བར་ཤུགས་སྣོན་དང་གསར་གཏོད་བྱ་དགོས། བདེ་ཐང་ཀྲུང་གོའི་གཏམ་རྒྱུད་ལེགས་པོར་བཤད་དེ། རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་སྔར་ལས་གཅིག་ཏུ་སྒྲིལ་དགོས།

ལི་ཆང་གིས་སྤྱི་བསྡོམས་གསུང་བཤད་ཁྲོད་བསྟན་དོན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་རྩ་བའི་རང་བཞིན་དང་ཁ་ཕྱོགས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པར་ལན་ཟབ་མོ་བཏབ་ཡོད་པ་མ་ཟད།    བསམ་བློའི་རང་བཞིན་དང་འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་ལྡན་པས།    དུས་རབས་གསར་པ་དང་འཐབ་ལམ་གསར་པའི་འཕྲོད་བསྟེན་དང་བདེ་ཐང་བྱ་བ་ལེགས་པོར་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་སྟབས།     སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ།  ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས།     བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་བཏང་སྟེ།  བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་སྐྱོན་བྲལ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས། བདེ་ཐང་སྔོན་ལ་འཛིན་པའི་ཁྲིད་ཕྱོགས་བརྟན་པོ་བཙུགས་ཏེ།   མི་དམངས་བདེ་ཐང་དང་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མ་མཐའི་སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་སྤྱི་ཕན་རང་བཞིན་བརྟན་སྲུང་བྱས་ཏེ།  དམངས་ཡོངས་ཀྱི་བདེ་ཐང་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།   མ་མཐར་འགན་ལེན་དང་སྤུས་ཚད་མཐོ་རུ་གཏོང་བ་གཉིས་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ།  མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་བདེ་ཐང་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས།  བཅོས་བསྒྱུར་གསར་གཏོད་དང་སྒོ་འབྱེད་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ།   འཕྲོད་བསྟེན་དང་བདེ་ཐང་ལས་དོན་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་དགོས། འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་གཙོ་གནད་ལ་དམིགས་ཏེ།   མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་བྱ་བ་མངོན་གསལ་དོད་པོས་དམ་འཛིན་ལེགས་པོ་བྱེད་པ་དང་།  ནད་གཞི་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་ལེགས་པོ་བྱེད་པ།  རིམ་དབྱེའི་ནད་བརྟག་སྨན་བཅོས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།  མང་ཚོགས་ཀྱི་སྨན་པ་སྟོན་པའི་མྱོང་ཚོར་ཇེ་ལེགས་སུ་གཏོང་བ།  རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་སྒྲིག་འཛུགས་བྱེད་པ།  ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་སྲ་བརྟན་དུ་གཏོང་བ།   “རྒན་གཅིག་ཆུང་གཅིག་”གི་བདེ་ཐང་ཞབས་ཞུ་དམ་འཛིན་བྱེད་པ།  ཚན་རྩལ་ལ་བརྟེན་ནས་སྨན་བཅོས་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་གཏོང་བ་བཅས་བྱས་ནས།   བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།  ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན།   རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས།

ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་སྟོང་སྡེ་ཆེན་མོ།    ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་ཁེ་ལས་ཁག་ཅིག   ཀྲུང་དབྱང་དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་ཆེད་མཁས་པའི་འཐུས་མི་བཅས་གྲོས་ཚོགས་ལ་ཞུགས། 

​

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།