
ས་དེའི་དུས་ཚོད་ཟླ9ཚེས24ཉིན་གྱི་སྔ་དྲོ། ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཝ་ཧྲིང་ཏོན་ཕོ་བྲང་དཀར་པོ་རུ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས་ནས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲི་མཛད་པར་དགའ་བསུ་ཞུས།
ས་དེའི་དུས་ཚོད་ཟླ9ཚེས24ཉིན་གྱི་སྔ་དྲོ་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཝ་ཧྲིང་ཏོན་ཕོ་བྲང་དཀར་པོ་རུ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས་ནས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲི་མཛད་པར་དགའ་བསུ་ཞུས། གཙོ་འཛིན་གྱི་ཕྱི་འབྲེལ་ལ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ཀྲུང་ཨའི་འབྲེལ་བའི་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་པ་ལྡན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ཐི་ལིང་ཕུའུ་དང་མཉམ་དུ་ཀྲུང་ཨའི་འབྲེལ་བ་དང་དེ་བཞིན་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་སྟེ། ཀྲུང་གོ་དང་ཨ་རིའི་འཛུགས་སྐྲུན་རང་བཞིན་གྱི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བའི་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རེད།
ཟླ9པའི་ཝ་ཧྲིང་ཏོན་གྱི་སྟོན་ཁའི་ཡུལ་ལྗོངས་ཡིད་དུ་འོང་ཞིང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་རླུང་གིས་ལྷབ་ལྷུབ་ཏུ་བསྐྱོད་བཞིན་ཡོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་རླངས་འཁོར་ལ་བཞུགས་ནས་ཕོ་བྲང་དཀར་པོར་ཕེབས་སྐབས་ཙུང་ཐུང་ཐི་ལིང་ཕུའུ་དང་སྐུ་ཟླ་མའེ་ལ་ཉིས་ཡ་གཉིས་རླངས་འཁོར་འབབ་སར་ཡོང་ནས་སྤྲོ་སེམས་འཁོལ་བའི་བསུ་མ་བྱས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་སྐུ་ཟླས་ལྷན་དུ་མཉམ་པར་བསྐྱོན།
ཞི་ཅིན་ཕིང་སྐུ་ཟླ་གཉིས་ཐི་ལིང་ཕུའུ་སྐུ་ཟླ་གཉིས་ཀྱི་ཕེབས་རོགས་འོག་ཕོ་བྲང་དཀར་པོར་ཕེབས།
དམག་དཔུང་རོལ་ཆའི་རུ་ཁག་གིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ།
རྒྱལ་གླུ་དཀྲོལ་ཚར་རྗེས་ཞི་ཅིན་ཕིང་དང་ཐི་ལིང་ཕུའུ་གཉིས་ཀྱིས་སྔ་གཞུག་གཞུག་ཏུ་ཤིས་ཚིག་ཕུལ།
ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་གི་ཚབ་མཛད་དེ། ཨ་རིའི་མི་དམངས་ལ་ལྷག་བསམ་འཁོརལ་བའི་འཚམས་འདྲི་ཞུས་པ་དང་ཨ་རིར་རང་བཙན་ཐོབ་ནས་ལོ་ངོ250འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་དེ་སྔ་དཔུང་པ་མཉམ་གཤིབ་ཀྱིས་ཧྥ་ཞི་སིའི་བཙན་འཛུལ་ལ་འགོག་རྒོལ་བྱས་མྱོང་། ལོ་རྒྱུས་དེ་ཀྲུང་གོའི་མི་དམངས་ཀྱིས་བརྗེད་མི་སྲིད་ལ་ཨ་རིའི་མི་དམངས་ཀྱིས་ཀྱང་བརྗེད་མེད། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་རེ་བ་མི་དམངས་དང་འབྱུང་འགྱུར་གཞོན་ནུར་བཅོལ་ཡོད། མ་འོངས་བའི་ལོ5ཡི་ནང་ཀྲུང་གོས་ཨ་རིའི་ན་གཞོན་ཆིག་འབུམ་ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་ཞུ་བྱ་རྒྱུ་ཡིན། དོམ་ཁྲ་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་ཕོ་ཉ་ཡིན། དོམ་ཁྲ“ཕིན་ཕིན”དང་“ཧྥུའུ་ཧྲོང”ཡ་ཐེ་ལན་ཏ་སྲོག་ཆགས་གླིང་དུ་གཞིས་ཆགས་ཏེ། ཨ་རིའི་མི་དམངས་དང་ལྷན་འཛོམས་བྱ་རྒྱུ་རེད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་དང་ཨ་རི་སླར་ཡང་རླབས་ཆེན་འགྱུར་བ་འགལ་མེད་མཉམ་གནས་ཐུབ་ཅིང་། ཕྱོགས་གཉིས་ཀྱི་མི་དམངས་ཀྱིས་བརྩེ་སེམས་མཐའ་འཁྱོངས་དང་ལོ་རྒྱུས་ཀྱི་རང་འགུལ་མངོན་པར་བྱས་ཏེ། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་ལག་གདང་སྦྲེལ་ནས་སྔར་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་མཉམ་དུ་བསྐྲུན་དགོས།
ཐི་ལང་ཕུའུ་ཡིས་ཞི་ཅིན་ཕིང་གིས་ཨ་རིར་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། ཁོང་གིས་བསྟན་དོན། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་རླབས་ཆེན་གྱི་མཛའ་འབྲེལ་བཙུགས་ཡོད་ལ། དེ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་དུས་རབས་འགའི་སྔོན་ལ་རྒྱ་མཚོ་ཆེན་པོ་བརྒལ་ནས་ཉོ་ཚོང་དང་ཕན་ཚུན་སློབ་སྦྱོང་བྱས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲི་དེ་ཨ་རི་རང་བཙན་བྱས་ནས་ལོ250འཁོར་བའི་སྐབས་དང་འཁེལ་ཡོད་ཅིང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་བྱས་ཏེ་འཛམ་གླིང་ལ་ལེགས་སྐྱེས་འབུལ་དགོས། ངས་ཀྲུའུ་ཞི་ཞི་ཅིན་ཕིན་དང་ལྷན་དུ་ཉོ་ཚོང་དང་། བདེ་འཇགས། མིས་བཟོས་རིག་ནུས། ཚན་རྩལ་སོགས་ཀྱི་ཐད་གྲོས་བསྡུར་ཟབ་མོ་བྱས་ཏེ། འཛམ་གླིང་གི་མ་འོངས་པའི་ལོ་བཅུ་ཕྲག་འགའི་རིང་གི་ཞི་བདེ་དང་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན། ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ནས་འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པ་དང་། སྟག་ཆོང་རུ་ཁག་སོགས་ཀྱི་གཏམ་རྒྱུད་ད་བར་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་བརྗེད་དུ་མེད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མུ་མཐུད་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད།
ཤིས་ཚིག་མཇུག་སྒྲིལ་རྗེས། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཐི་ལང་ཕུའུ་སྐུ་ཟླ་གཉིས་ཀྱི་ཕེབས་རོགས་འོག་མཚོ་དམག་སྐམ་འཛིང་རུ་ཁག་གི་འཁྲབ་སྟོན་ལ་གཟིགས།
དེ་རྗེས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་སྐུ་ཟླ་རྣམ་བཞི་ཕོ་བྲང་དཀར་པོའི་རྒྱ་སེ་མེ་ཏོག་གླིང་དུ་ཕེབས་ནས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་། དམག་མིའི་རོལ་ཆའི་རུ་ཁག་གིས་དུང་བརྡ་དཀྲོལ་བ། ཨ་རིའི་དམག་རིགས་ཁག་གི་གཟབ་སྦྲེང་རུ་ཁག་གིས་སྲོལ་རྒྱུན་རུ་སྟར་སྒྲིག་པ་དང་རོལ་ཆའི་འཁྲབ་སྟོན་བྱས་ཤིང་། དམག་འཐབ་གནམ་གྲུ་ཕོ་བྲང་དཀར་པོའི་ཀླད་ནས་འཕུར་ཏེ་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་སྐུ་ཟླ་རྣམ་བཞི་ལ་གུས་འདུད་ཞུས།
དགའ་བསུའི་མཛད་སྒོ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་སྐུ་ཟླ་རྣམ་བཞི་ཕོ་བྲང་དཀར་པོའི་འཇོང་དབྱིབས་གཞུང་སྒྲུབ་ཁང་དུ་ཕེབས་ནས་མཛའ་བརྩེའི་གླེང་མོལ་གནང་།
ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥུང་སོགས་གོང་གསལ་གྱི་འབྲེལ་ཡོད་བྱེད་སྒོར་ཞུགས།