
ས་དེའི་དུས་ཚོད་ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཝ་ཧྲིང་ཐོན་དུ་འབྱོར་ནས། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡི་གདན་ཞུས་ལྟར། ཨ་རིར་རྒྱལ་དོན་འཚམས་འདྲི་གནང་འགོ་བརྩམས།
ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་ཝ་ཧྲིང་ཐོན་གྱི་ཨན་ཏེ་ལུའུ་སིའི་མཁའ་དམག་རྟེན་གཞིར་ཕེབས་དུས་ཐི་ལང་ཕུའུ་དང་ལྕམ་མོ་མའེ་ལ་ཉི་ཡས་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས།
ཨ་རིའི་བྱིས་པ་ཚོས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་ལ་མེ་ཏོག་ཕུལ།
ཐི་ལང་ཕུའུ་ཡིས། ཝ་ཧྲིང་ཐོན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་རྣམ་གཉིས་ལ་སྣེ་ལེན་ཞུས་པར་ཧ་ཅང་དགའ་པོ་བྱུང་། འདི་ནི་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཚམས་འདྲི་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་ནི་རླབས་ཆེན་གྱི་འགོ་ཁྲིད་པ་ཞིག་རེད། འདི་ནི་རླབས་ཆེན་གྱི་དུས་སྐབས་ཤིག་རེད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་ཅེས་བསྟན།
ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་ནས། ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་ཨ་རིའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་གནང་།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རི་གཉིས་ཀ་རླབས་ཆེན་གྱི་རྒྱལ་ཁབ་ཡིན་པ་དང་། ཀྲུང་གོའི་མི་དམངས་དང་ཨ་རིའི་མི་དམངས་ཚང་མ་རླབས་ཆེན་གྱི་མི་དམངས་རེད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཡུན་རིང་མཛའ་མཐུན་འགྲོ་འོང་བྱས་པ་དང་། ཕྱོགས་གཉིས་ཀྱི་ཁེ་ཕན་མཉམ་འདྲེས་གཏིང་ཟབ་བྱུང་ཡོད། རྒྱལ་ཁབ་གཉིས་གྲོགས་པོར་འགྱུར་དགོས་པ་ལས་དགྲ་ཡ་བྱེད་མི་རུང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་དང་ཨ་རི་སླར་ཡང་རླབས་ཆེན་ཡོང་བར་བྱེད་པ་གཉིས་འགལ་མེད་མཉམ་གནས་དང་། ཆར་བ་ཆུ་གྲོགས། འཛམ་གླིང་ལ་བདེ་སྐྱིད་སྐྲུན་ཆོག་ཆོག་རེད། སྲིད་འཛིན་ཐི་ལང་ཕུའུ་ད་ལོའི་ཟླ5པར་ཀྲུང་གོར་འཚམས་འདྲི་བྱེད་དུ་ཡོང་སྐབས། ང་ཚོ་ཀྲུང་གོ་དང་ཨ་རིའི་འཛུགས་སྐྲུན་རང་བཞིན་གྱི་འཐབ་ཇུས་བརྟན་ལྷིང་འབྲེལ་བ་བཙུགས་ནས། མ་འོངས་པའི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ཐད་འཐབ་ཇུས་ཀྱི་ཁྲིད་སྟོན་བྱ་རྒྱུར་མོས་མཐུན་བྱུང་། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀྱིས་ཕན་ཚུན་ཉེ་གཅར་བྱས་ནས་མཉམ་ལས་གཙོ་བོར་འཛིན་པ་དང་། འོས་འཚམ་གྱི་འགྲན་རྩོད་རྒྱུན་འཁྱོངས། འགལ་ཟླ་ཚོད་འཛིན་ཐུབ་པ་བཅས་ཀྱི་འབྲེལ་བ་བརྟན་པོ་ཆགས་པར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་ཡང་དག་པའི་མཉམ་གནས་བྱེད་ཐབས་ཤིག་སྐྲུན་དགོས་ཞེས་བསྟན།
གུས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་གུས་འདུད་ཞུས། དམག་མིའི་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། ཡུལ་དངོས་སུ་རྟེན་འབྲེལ་མེ་སྒྱོགས21བརྒྱབ་པ་དང་། དམག་འཐབ་གནམ་གྲུ་འཕུར་ནས་གུས་འདུད་ཞུས།
ཞི་ཅིན་ཕིང་གིས། འཛམ་གླིང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། དུས་རབས་ལ་འགྱུར་ལྡོག་བྱུང་བཞིན་ཡོད། འོན་ཀྱང་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་ཞི་བདེ་མཉམ་གནས་ཀྱི་ལོ་རྒྱུས་གཏན་ཚིགས་ལ་འགྱུར་ལྡོག་བྱུང་མེད། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་མཐུན་འགྲོ་འོང་བྱེད་པའི་འདུན་པ་བཟང་པོར་འགྱུར་ལྡོག་བྱུང་མེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ལ་བཅངས་བའི་སྤྱིའི་རེ་སྒུག་ལ་འགྱུར་ལྡོག་བྱུང་མེད། ངས་སྲིད་འཛིན་ཐི་ལང་ཕུའུ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་འཛམ་གླིང་གི་དུས་བབ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་བརྗེ་རེས་གཏིང་ཟབ་བྱས་ནས། ཀྲུང་ཨའི་འཛུགས་སྐྲུན་རང་བཞིན་གྱི་འཐབ་ཇུས་བརྟན་ལྷིང་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་པར་གཏོང་བ་དང་། ཀྲུང་ཨའི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཀྱི་བར་སྟོང་རྒྱ་སྐྱེད་གཏོང་བར་རེ་སྒུག་བྱེད་ཀྱི་ཡོད། ཨ་རིའི་ལས་རིགས་སོ་སོའི་མི་སྣ་དང་འབྲེལ་གཏུག་རྒྱ་ཆེར་བྱེད་པ་དང་། མཛའ་མཐུན་ཇེ་ཟབ་ཏུ་གཏོང་རྒྱུར་རེ་སྒུག་བྱེད་ཀྱི་ཡོད། ཕྱོགས་གཉིས་ཀའི་འབད་བརྩོན་འོག ཐེངས་འདིའི་འཚམས་འདྲི་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ངེས་རེད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་བ་སྐྲུན་པ་དང་། འཛམ་གླིང་གི་ཞི་བདེ་ལ་རེ་བ་སྣོན་ཐུབ་ངེས་རེད།
ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ལ་བཞུགས་ནས་ཝ་ཧྲིང་ཐོན་ལ་འབྱོར།
འདིའི་སྔོན་དུ་ཝ་ཧྲིང་ཐོན་ལ་འབྱོར་བའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལི་ཧྥེང་། ཨ་རིར་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞེ་ཧྥེང་གིས་གནམ་གྲུ་ཐང་དུ་ཕེབས་བསུ་ཞུས།
ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་གནམ་གྲུ་ཐང་ནས་མགྲོན་ཁང་དུ་ཕེབས་པའི་ལམ་ཁར། ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་འགྲིམ་སློབ་མའི་འཐུས་ཚབ་གཞུང་ལམ་གྱི་གཡས་གཡོན་དུ་འཛོམས་ནས། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས།