ཟླ9པའི་ཚེས16ཉིན། སློབ་གསོ་པུའུ་ཡི་འཕེལ་རྒྱས་འཆར་འགོད་ཟི་ཡིས་མཛུབ་སྟོན་དང་། སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གྲྭའི་ཐོན་ཁུངས་ཁོར་ཡུག་རོགས་སྐྱོར་མནའ་འབྲེལ་ཚོགས་པས་གཙོ་སྒྲུབ། ཀྲུང་གོ་ས་གཤིས་སློབ་ཆེན་དང་། ཀྲུང་གུང་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་ཨུ། རྫོང་སྲིད་གཞུང་བཅས་ཀྱིས་མཉམ་དུ་འགན་སྒྲུབ་བྱས་པའི་སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གྲྭའི་ཐོན་ཁུངས་ཁོར་ཡུག་མནའ་འབྲེལ་ཚོགས་པའི2026ལོའི་བྱ་བའི་ཚོགས་འདུ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དུ་བསྡུས། ཚོགས་འདུ་ལས་ཀྲུང་གོའི་ས་གཞི་ཆེན་མོར་རྐང་འཛུགས་པ་སྟེ། མཐོ་རིམ་སློབ་གྲྭའི་ཐོན་ཁུངས་ཁོར་ཡུག་གི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱིས་གྲོང་གསེབ་དར་སྤེལ་ལ་སྟོབས་ནུས་སྩོལ་ཞེས་པ་བརྗོད་དོན་དུ་བྱས་ཤིང་། མཐོ་རིམ་སློབ་གྲྭ་དང་ལས་རིགས་ཀྱི་ཆེད་མཁས་པ་སུམ་ཅུ་ལྷག་དཔའ་ལུང་རྫོང་དུ་འཛོམས་ནས། ཐོན་ཁུངས་ཁོར་ཡུག་ཁྱབ་ཁོངས་ཀྱི་མཐོ་རིམ་སློབ་གྲྭའི་རོགས་སྐྱོར་གྱི་བསམ་ཕྱོགས་གསར་བ་དང་ཐབས་ལམ་གསར་བར་མཉམ་གྲོས་བྱས་པ་དང་། ཚན་རྩལ་གྱིས་སྟོབས་ནུས་སྩོལ་བ་དང་རིག་ཚན་གྱིས་ཞིང་ལས་ལ་རོགས་ཤུགས་འདོན་པ། སྐྱེ་ཁམས་ཀྱིས་མི་དམངས་ཕྱུག་པོར་བསྒྱུར་བ་བཅས་ཀྱི་ཡུན་ཕན་རོགས་སྐྱོར་རྐྱེན་སྲོལ་འཚོལ་ཞིབ་བྱས།
ཚོགས་འདུའི་སྟེང་། མནའ་འབྲེལ་ཚོགས་པའི་བྱ་བའི་སྙན་ཞུ་ལས་ལོ་ལྔའི་རིང་མཐོ་རིམ་སློབ་གྲྭས་རོགས་སྐྱོར་བྱས་ནས་བསགས་པའི་ཉམས་མྱོང་གསེད་བཀྲོལ་བྱས་པར་མ་ཟད་མནའ་འབྲེལ་དར་ཆ་ཡོངས་བསྒྲགས་མཛད་སྒོ་བསྡུས། བརྗོད་དོན་སྙན་ཞུའི་གོ་རིམ་ཁྲོད། ཆེད་མཁས་པས་ས་གཤིས་རིག་གནས་ཡུལ་སྐོར་གྱི་ཉམས་མྱོང་དང་བྱེ་སའི་རྒྱང་ཚོར་རིག་ནུས་བཅོས་སྐྱོང་། སྒོ་ཕྱུགས་ཀྱི་ལྕི་བ་ཐོན་ཁུངས་ཅན་དུ་བསྒྱུར་བ། ཐཱན་སྐྱུར་ཀལ་གྱི་ཞིབ་ཕྲའི་ལས་སྣོན་སོགས་དཔེ་གཞི་མང་པོ་མཉམ་སྤྱོད་བྱས་པ་དང་། ས་ཁོངས་མི་འདྲ་བའི་དཔེ་གཞི་ཡིན་རུང་། དཔའ་ལུང་རྫོང་གིས་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་དུ་སྐུལ་འདེད་གཏོང་བར་དཔེ་སྟོན་ཀྱི་དོན་སྙིང་གལ་ཆེན་ལྡན།
ལོ་ངོ་བཅུ་བཞིའི་རིང་། ཀྲུང་གོའི་ས་གཤིས་སློབ་ཆེན་གྱིས་ཁྱོན་བསྡོམས་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་དགུ་དང་འབུམ་དགུ་སྟོང་གསུམ་བརྒྱ་ལྷག་ནང་འདྲེན་བྱས་པ་དང་། རོགས་སྐྱོར་མ་དངུལ་བྱེ་བ་གཅིག་དང་འབུམ་གསུམ་སྟོང་བརྒྱད་བདུན་བརྒྱ་ལྷག་བཏང་ཞིང་། འཛད་སྤྱོད་རོགས་སྐྱོར་སྒོར་བྱེ་བ་གསུམ་དང་འབུམ་བརྒྱད་ཁྲི་དྲུག་བཏང་། སློབ་གྲྭས་ད་དུང་ཨ་ཧི་ཁི་ཐན་སྡེ་བ་དེ་ནུབ་རྒྱུད་དང་རྒྱལ་ཡོངས་སྐར་བཞི་རིམ་པའི་ས་གཤིས་རིག་གནས་སྡེ་བ་ལྔའི་གྲས་སུ་ཚུད་པར་བྱས་ལ། ཉེ་བའི་ལོ་འགའི་རིང་སྡེ་བར་སྤྱི་ཚོགས་མ་དངུལ་སྒོར་བྱེ་བ་ལྔ་ལྷག་ནང་འདྲེན་བྱས་ཤིང་། སྡེ་དམངས་ཀྱི་ཡུལ་སྐོར་ཡོང་སྒོ་བརྒྱ་ཆའི་ལྔ་བཅུར་ཉེ་བར་འཕར་ཡོད་པས། མཐོ་རིམ་སློབ་གྲྭའི་རོགས་སྐྱོར་དེ་ཤུགས་སྣོན་པ་ནས་ནུས་པ་སྐྱེད་པ་དང་། ཐོན་ཁུངས་ནས་ཐོན་ལས་ཅན་གྱི་མ་དཔེར་ལེགས་པོར་བསྒྱུར་ལ། འབྲེལ་ཡོད་གྲུབ་འབྲས་ལ་སློབ་གསོ་པུའུ་ཡི་ཐད་གཏོགས་མཐོ་རིམ་སློབ་གྲྭའི་གནད་འཁེལ་རོགས་སྐྱོར་གྱི་དཔེ་མཚོན་ལས་གཞིའི་མཚན་སྙན་ཐོབ།
དེའི་རྗེས། དཔའ་ལུང་རྫོང་གིས་ས་གཤིས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་སྔར་ལས་ཟབ་སྤེལ་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་དཔེ་སྟོན་མ་དཔེ་བསྐྲུན་རྒྱུ་རེད། མཐོ་རིམ་སློབ་གྲྭའི་ཚན་རྩལ་གྲུབ་འབྲས་དང་དཔའ་ལུང་རྫོང་གི་ཁྱད་ལྡན་ཐོན་ལས་ཀྱི་གནད་འཁེལ་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། མཐོ་སྒང་གི་དེང་རབས་ཞིང་ལས་དང་འཐེན་ཐུག་གི་ཐོན་ལས་མུ་ཕྲེང་ཡོངས། དག་གཙང་ནུས་ཁུངས། གཏེར་ཐོན་ལྗང་མདོག་གསར་སྤེལ་གྱི་ལག་རྩལ་དཀའ་གནད་བཅས་ལ་དམིགས་ནས། ཐོན་ལས་དང་རིག་གནས་ཡུལ་སྐོར། སྐྱེ་ཁམས་སྲུང་སྐྱོབ་བཅས་ཁྱབ་ཁོངས་ཀྱི་ས་གནས་ཀྱི་ལག་རྩལ་འཇོན་མི་ཧུར་ཐག་གིས་སྐྱེད་སྲིང་བྱས་ཏེ། ཚོགས་སྒྲིག་རྣམ་པའི་མཐུན་སྦྱོར་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱིས་མི་རིགས་ས་ཁུལ་གྱི་གྲོང་གསེབ་དར་སྤེལ་ལ་སྟོབས་ནུས་སྩོལ་བར་དཔེ་སྟོན་དང་ཁྱབ་གདལ་གཏང་ཆོག་པའི་མ་དཔེ་འཚོལ་ཞིབ་བྱ་རྒྱུ་རེད།