ཞིང་ཆེན་རིམ་པའི་བྱ་དགའ་ཡོད་པའི་འཛིན་ཤོག་ཚོད་ལྟའི་ལས་དོན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་སྤེལ་བའི་གནས་ཚུལ་ལྟར་ན། མིག་སྔར་ཞིང་ཆེན་རིམ་པའི་བྱ་དགའ་ཡོད་པའི་འཛིན་ཤོག་ཁྱོན་སྡོམ་ཁྲི40ལྷག་ཙམ་གོང་སྤྲོད་བྱས་ཡོད་ལ། བྱ་དགའི་དངུལ་སྒོར་བྱེ་བ་གཅིག་འབུམ་བརྒྱད་ཁྲི་ལྔ་ལྷག་དོན་འཁྱོལ་བྱས་པ་དང་། འཛད་སྤྱོད་བྱས་པའི་སྒོར་དུང་ཕྱུར་གཅིག་བྱེ་བ་གཉིས་ལྷག་སྐུལ་ཁྲིད་བྱས་ཏེ། ཞིང་ཆེན་དེ་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་གཞོགས་འདེགས་བྱས།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཛད་སྤྱོད་ལ་ཤུགས་སྣོན་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ནོར་སྲིད་དང་ཁྲལ་དོན་སྡེ་ཁག་གཉིས་ལ་མཉམ་འབྲེལ་སྒོས་ནུས་ཤུགས་བཏོན་ཏེ། ཟླ་བདུན་པ་ནས་བཟུང་ནུབ་བྱང་ས་ཁུལ་དུ་ཞིང་ཆེན་རིམ་པའི་བྱ་དགའ་ཡོད་པའི་འཛིན་ཤོག་ཚོད་ལྟའི་ལས་དོན་སྔོན་ལ་སྤེལ་བ་རེད། འགྲན་རྩོད་རང་བཞིན་གྱི་ཞིབ་དཔྱད་བྱས་པ་བརྒྱུད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་ས་ཁུལ་གསུམ་དུ་ཞིང་ཆེན་རིམ་པའི་བྱ་དགའི་འཛིན་ཤོག་གི་ཚོད་ལྟ་བྱ་ཡུལ་དུ་གཏན་ཁེལ་བྱས། ས་ཁུལ་གསུམ་གྱི་ཚོང་དོན་དང་། ནོར་སྲིད། ཁྲལ་དོན་བཅས་སྡེ་ཁག་གསུམ་གྱིས་མཉམ་འབྲེལ་སྒོས་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་པ་དང་། སྡེ་ཁག་ལས་བརྒལ་ཏེ་མཐུན་སྦྱོར་མཉམ་འགུལ་དང་དུས་བཀག་བཀོད་གཏོང་ལམ་སྲོལ་བཙུགས་ནས་འཛིན་ཤོག་སྟེར་བ་དང་། བྱ་དགར་བརྗེ་བ། ལས་སྟེགས་འཁོར་སྐྱོད་བྱེད་པ། གྲངས་གཞི་བསྡོམས་རྩིས་བྱེད་པ་སོགས་རྒྱུན་རྣམ་ཅན་གྱི་གྲལ་བཤེར་ཐག་གཅོད་བྱས་པ་དང་། ཚོད་ལྟ་བྱེད་གནས་ལ་རྩ་འཛུགས་དང་། ལམ་ལུགས། མ་དངུལ་བཅས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད། དེ་དང་མཉམ་དུ། མང་ཚོགས་ཀྱི་རེ་ཞུ་མགྱོགས་མྱུར་སྒོས་དང་ལེན་པའི་ལམ་སྲོལ་བཙུགས་ཏེ། འཛད་སྤྱོད་པའི་བློ་འདྲི་དང་ཞུ་གཏུག་དུས་ཐོག་ཏུ་བདག་སྤྲོད་དང་ཐག་གཅོད་བྱས་ནས། ཚོད་ལྟ་བྱེད་གནས་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་བཏང་།

ཚོད་ལྟའི་ས་ཁུལ་གྱིས་གནད་སྨིན་ཞབས་ཞུ་དང་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱ་རྒྱུ་དམ་འཛིན་བྱ་ཡུལ་དུ་བྱས་ཏེ། བློ་བདེ་བ་དང་། སྟབས་བདེ་བ། འཁྲུག་ཆ་དོད་པ་བཅས་ཀྱི་འཛད་སྤྱོད་རྣམ་པ་ཐུན་མོང་ཐོག་བཏོད། མཚོ་ལྷོ་ཁུལ་གྱིས་དྲ་ཐོག་དང་ཡུལ་དངོས་མཉམ་འགུལ་གྱི་བྱེད་སྟངས་སྤྱད་དེ། འཛད་སྤྱོད་ཁྲོམ་ར་ཁྱོན་ཡོངས་ལ་ཁྱབ་པར་བྱས་ནས་ཞབས་ཞུའི་གཏིང་ཚད་མཐོ་རུ་བཏང་། མཚོ་ནུབ་ཁུལ་གྱིས་ཚོང་སྐོར་དང་མཛེས་ལྗོངས་ཁུལ། གཙོ་གནད་ལས་རིགས་ཀྱི་ཚོང་ཁང་བཅས་སུ་བསྐྱོད་དེ་རྒྱུན་རྣམ་ཅན་གྱི་འཛིན་ཤོག་འབྱེད་པར་ཟུར་ཁྲིད་བྱས་ཏེ། རྒྱུན་མཐུད་ངང་སྲིད་ཇུས་ཤེས་རྟོགས་ཚད་དང་མང་ཚོགས་ཀྱི་ཟབ་ཞུགས་ཚད་མཐོ་རུ་བཏང་། ད་ལྟའི་བར་བྱེད་སྒོའི་ནང་ཞུགས་མཁན་གྱི་མི་ཐེངས་ཁྲི་གསུམ་སྟོང་གསུམ་ལྷག་དང་ཚོང་ཁང1000ལྷག་ཙམ་ཞུགས་ཡོད།

ད་ལྟའི་བར་མཚོ་ལྷོ་ཁུལ་གྱིས་འཛིན་ཤོག་འབུམ་གཅིག་ཁྲི་གཉིས་སྟོང་དགུ་བདུན་བརྒྱ་ལྷག་གོང་སྤྲོད་བྱས་ཡོད་ལ། བྱ་དགའི་དངུལ་སྒོར་ཁྲི་ས་ཡ་གསུམ་འབུམ་དྲུག་ཁྲི་དྲུག་སྟོང་བདུན་ལྷག་དངོས་འབབ་བྱས་ཏེ། འཛད་སྤྱོད་སྒོར་བྱེ་བ་བཞི་འབུམ་ལྔ་སྟོང་བཞི་ལྷག་སྐུལ་ཁྲིད་བྱས་ཡོད། མཚོ་ནུབ་ཁུལ་གྱིས་འཛིན་ཤོག་སྒོར་འབུམ་གཉིས་ཁྲི་བདུན་སྟོང་གཉིས་བརྒྱ་ལྷག་གོང་སྤྲོད་བྱས་ཡོད་ལ། བྱ་དགའི་དངུལ་སྒོར་ས་ཡ་དྲུག་ཁྲི་བཞི་སྟོང་གཅིག་ལྷག་དངོས་འབབ་བྱས་ཏེ། འཛད་སྤྱོད་སྒོར་བྱེ་བ་བརྒྱད་ས་ཡ་གཉིས་འབུམ་བརྒྱད་ཁྲི་དགུ་སྟོང་གཅིག་དགུ་བརྒྱ་ལྷག་སྐུལ་ཁྲིད་བྱས་ཡོད་པ་དང་། ནོར་སྲིད་མ་དངུལ་གྱི་སྐུལ་ཁྲིད་བསྡུར་ཚད1:11ལས་བརྒལ། བྱ་དགའི་འཛིན་ཤོག་གི་སྐུལ་ཁྲིད་འོག སིལ་ཚོང་དང་། བཟའ་བཏུང་། མགྲོན་ཁང་སོགས་ལས་རིགས་ཀྱི་འཛད་སྤྱོད་འཕེལ་ཕྱོགས་ལ་རྣམ་པ་བཟང་བོ་མངོན་ཡོད་ལ“འཛིན་ཤོག་ཆུང་གྲས”ཀྱིས་ཁྲོམ་རའི་འཛད་སྤྱོད་ལ་གསོན་ཤུགས་རྒྱས་སུ་བཅུག

ཞིང་ཆེན་ཚོང་དོན་ཐིང་གིས་སྡེ་ཚན་གྱི་མཐུན་སྦྱོར་མཉམ་འགུལ་ལ་མུ་མཐུད་ཤུགས་བསྣན་ནས་ཕུན་སུམ་ཚོགས་པའི་འཛད་སྤྱོད་ཀྱི་ཁོར་ཡུག་དང་། གསར་གཏོད་རང་བཞིན་གྱི་འཛད་སྤྱོད་བྱེད་སྟངས། ཚོད་ལྟ་བྱེད་གནས་ཀྱི་དྲིལ་བསྒྲགས་ཁྱབ་གདལ་དང་། ཉེན་ཁ་སྔོན་འགོག གཞི་གྲངས་ཀྱི་ལྟ་ཞིབ་ཚད་ལེན། བྱས་འབྲས་ལ་དཔྱད་འཇོག་བཅས་རྒྱུན་མཐུད་ལེགས་པོ་བྱེད་པར་མཛུབ་སྟོན་བྱས་ཏེ། འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི“མཚོ་སྔོན་གྱི་ཉམས་མྱོང”ཆ་ཚང་ངང་ཕྱོགས་སྡོམ་བྱས་ནས། ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་བརྟན་ཐོག་ཡར་འཕེལ་དང་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་ནུས་ལྡན་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།