ཟླ9པའི་ཚེས19ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་མུ་འབྲེལ་བྱེད་སྒོར་ཞུགས་པའི་སྐུ་མགྲོན་རྣམས་ལ་ཐུག་འཕྲད་བྱས། པེ་ཅིང་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡུས་ཅི་ཧུང་སོགས་ཁ་གཏད་རོགས་སྐྱོར་སློབ་གྲྭ་དང་འབྲེལ་ཡོད་མཐོ་རིམ་སློབ་གྲྭའི་འགན་ཁུར་བློ་མཐུན་རྣམས་ཐུག་འཕྲད་ལ་ཞུགས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚབ་བྱས་ནས་སྐུ་མགྲོན་རྣམས་ལ་དགའ་བསུ་དང་། མཐོ་རིམ་སློབ་གྲྭ་སོ་སོས་དུས་ཡུན་རིང་པོར་མཚོ་སྔོན་གྱི་སློབ་གསོའི་བྱ་གཞག་ཐད་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་མཐོ་རིམ་སློབ་གྲྭ་སོ་སོའི་རྣམ་དག་རོགས་སྐྱོར་འོག ལོ་ངོ་བདུན་ཅུའི་རིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་མཐོ་སྒང་དུ་རྐང་བཙུགས་ཤིང་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱས་ཏེ། མཚོ་སྔོན་ལ་ཕུལ་བྱུང་འཇོན་མི་སྐོར་ཞིག་སྐྱེད་སྲིང་བྱས་ནས། མཐོ་སྒང་གི་དགེ་ཐོན་སློབ་གསོའི་མིག་དཔེར་གྱུར་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་དམིགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་འབད་པས་སྐུལ་འདེད་གཏོང་བར། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱི་ནུས་ལྡན་འདེགས་སྐྱོར་སྔར་ལས་མཁོ། མཐོ་རིམ་སློབ་གྲྭ་སོ་སོས་མཚོ་སྔོན་དགེ་ཐོན་སློབ་ཆེན་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བ་འགོ་རྩོམ་ས་གསར་བར་བྱས་ནས། རིག་ཚན་འཛུགས་སྐྲུན་དང་དགེ་རྒན་གྱི་དཔུང་སྡེ་སྒྲིག་འཛུགས། ཚན་ཞིབ་མཉམ་ལས། འཇོན་མི་གསོ་སྐྱོང་སོགས་ཀྱི་ཐད་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། སློབ་གསོའི་ཐད་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ལེའུ་གསར་བ་མཉམ་དུ་འབྲི་རྒྱུའི་རེ་བ་བཅངས་ཡོད།
སྐུ་མགྲོན་རྣམས་ཀྱིས་མཚོ་སྔོན་དགེ་ཐོན་སློབ་ཆེན་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བར་སྤྲོ་སེམས་འཁོལ་བས་རྟེན་འབྲེལ་ཞུས། ཁོ་ཚོས་བསྟན་དོན། མཛའ་བརྩེ་ཇེ་ཟབ་དང་དགེ་མཚན་འདོན་སྤེལ། མཚོ་སྔོན་གྱི་དགོས་མཁོར་གནད་འཁེལ་སྦྲེལ་མཐུད་བྱས་ཏེ། འཇོན་མི་མཉམ་སྐྱོང་དང་རིག་ཚན་མཉམ་སྐྲུན། ཚན་ཞིབ་མཉམ་བཏོད་བཅས་ཀྱི་ཐད་སྔར་ལས་ཤུགས་སྣོན་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་ཇེ་བཟང་ཇེ་ལེགས་སུ་འགྲོ་བར་རོགས་ཤུགས་བཏོན་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན།
ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་དབྱང་ཀྲི་ཝུན་གཉིས་ཐུག་འཕྲད་ལ་ཞུགས།