ཟླ9པའི་ཚེས17ཉིན། “མཚོ་སྔོན་པོ་དྲ་བ་རྟགས་མའི”སྒྱུར་རྩོམ་འགྲན་སྡུར་སྐབས་གསུམ་པའི་མཐའ་ཞུས་ཚོགས་འདུ་ཟི་ལིང་དུ་བསྡུས། སྒྱུར་རྩོམ་འགྲན་སྡུར་སྤེལ་བའི་དམིགས་ཡུལ་ནི། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་གཙོ་ཐིག་ཏུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། མི་རིགས་སོ་སོ་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད། ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས་ཇེ་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ཡིན།

སྒྱུར་རྩོམ་འགྲན་བསྡུར་འདིར་ལས་རིགས་སོ་སོའི་ཡིག་སྒྱུར་ལ་མོས་མཁན་མང་པོས་དགའ་བསུ་ཐོབ་པ་དང་། ཁྱོན་བསྡོམས་འགྲན་ཞུགས་བརྩམས་ཆོས100(དེའི་ནང་སྒྲུང་ཐུང55དང་། སྙན་ངག27། ལྷུག་རྩོམ18ཡོད)འབྱོར་ཡོད། ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་ཚོགས་པ་ནི། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་དང་། མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་གི«མཚོ་སྔོན་སྤྱི་ཚོགས་ཚན་རིག»(བོད་ཡིག)གི་ལག་བསྟར་གཙོ་སྒྲིག་པ་དང་དགེ་རྒན་ཆེན་མོ་གཞོན་པ་འཇམ་དབྱངས་དར་རྒྱས། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རིན་ཆེན་བཀྲ་ཤིས། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་རྨོག་རུ་དོན་གྲུབ་ཚེ་རིང་། མཚོ་སྔོན་ཞིང་ཆེན་སྦྲེལ་དྲ་གསར་འགྱུར་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ། སྐད་གཉིས་རྩོམ་པ་པོ་ཚེ་རིང་བཀྲ་ཤིས་སམ་ཁྲི་སེམས་དཔའ་བཅས་ཆེད་མཁས་པ5ཡིས་གྲུབ་པ་ཡིན།
དཔྱད་འདེམས་བརྒྱུད་རིམ་ཁྲོད་དྲང་སྙོམས་དྲང་གཞག་གི་རྩ་དོན་ལ་བརྩི་སྲུང་ནན་མོ་ཞུས་ནས། སྔ་ཞུས་དང་། བར་ཞུས། མཐའ་ཞུས་བཅས་རིམ་པ་གསུམ་བྱས་པ་དང་། དཔྱད་འདེམས་ཚོགས་པས་སྒྲུང་ཐུང་དང་། ལྷུག་རྩོམ། སྙན་ངག་བཅས་རིགས་ཆེན་པོ་གསུམ་ལ་དམིགས་ཏེ་རྩོམ་ཡིག་གི་སྤུས་ཚད་དང་། སྐད་ཆའི་མཚོན་སྟངས། རིག་གནས་ཀྱི་ནང་དོན། ཡིག་སྒྱུར་གྱི་ཆུ་ཚད་སོགས་ཀྱི་ཐད་ནས་དཔྱད་བསྡུར་བྱས་མཐར་ཕུལ་བྱུང་བརྩམས་ཆོས18དཔྱད་འདེམས་བྱས་ཤིང་། དུས་ཐོག་ཏུ་མཚོ་སྔོན་པོ་དྲ་བའི་སྟེང་ཡོངས་བསྒྲགས་བྱས་ཡོད།

འབྱུང་འགྱུར་མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་མུ་མཐུད་དུ་མཚོ་སྔོན་པོ་དྲ་བའི་ལེགས་ཆར་བརྟེན་ནས། ལོ་ཙཱའི་རིག་གནས་འབྲེལ་ཐག་གི་ནུས་པ་འདོན་སྤེལ་དང་། རིགས་སོ་སོའི་རིག་གནས་བརྗེ་རེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་རྒྱུ་ཡིན།