ཟླ9པའི་ཚེས15ཉིན། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་དོ་དམ་བྱས་པའི་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་སྐུལ་སྤེལ་ཚོགས་འདུ་དེ་ཟི་ལིང་དུ་འཚོགས། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་བྱ་བ་དང་འབྲེལ་བའི་རྒྱས་བཤད་གལ་ཆེན་དང་། མཚོ་སྔོན་གྱི་བྱ་བའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཕྱོགས་ཡོངས་ནས་རྒྱལ་དབང་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་པ་དང་། དུས་རིམ་རྗེས་མའི་གཙོ་གནད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས་ཏེ། ཀྲུང་དབྱང་དང་ས་གནས་ཀྱི་མཉམ་ལས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་རེན་ཁྲིན་ཧྥུའུ་པོ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས།
ཁྲིན་ཧྥུའུ་པོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་། སྲིད་གཞུང་གིས་དུས་ཡུན་རིང་པོར་རྒྱལ་དབང་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་ཤིང་། སྤྱི་འདོམས་སྙོམ་སྒྲིག་ལ་ཤུགས་སྣོན་ཆེན་པོ་བྱས་ནས། ཀྲུང་དབྱང་ཁེ་ལས་ཀྱིས་སྐྱེ་ཁམས་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་སོགས་ལ་དམིགས་ནས་རྩ་འཛུགས་དང་སྐུལ་འདེད་བཏང་ལ། ཐོན་ལས་སྣེ་ཁྲིད་ནུས་པ་ཅུང་ཆེ་བའི་གཙོ་གནད་ལས་གཞི་སྐོར་ཞིག་ལག་བསྟར་བྱས་ཏེ། མཚོ་སྔོན་དཔལ་འབྱོར་གང་མགྱོགས་ཀྱིས་གོང་འཕེལ་དང་། སྤྱི་ཚོགས་ཡུན་སྐྱོང་བདེ་འགོད་ལ་བྱས་རྗེས་བླ་ལྷག་བཏོན། རྒྱལ་དབང་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་གོམ་གང་མདུན་སྤོས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། ལྗང་མདོག་འཕེལ་རྒྱས་ལ་རྒྱུན་འཁྱོངས་བྱས་ནས། ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་མཐོ་ས་བསྐྲུན་པར་རམ་འདེགས་བྱེད་པ་དང་། གནད་ལ་འཁེལ་བའི་སྒོ་ནས་ཤུགས་འདོན་ནུས་སྩོལ་བྱས་ཏེ། མཚོ་སྔོན་གྱི་ཐོན་ལས་གནས་བཞི་འཛུགས་སྐྲུན་ལ་རོགས་སྐུལ་དང་། ཁྱད་ཆོས་དང་ཆེད་མཁས་ནུས་པ་འདོན་སྤེལ་བྱས་ཏེ། གཙོ་གནད་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ་དམ་འཛིན་བྱས་ནས། མཚོ་སྔོན་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་ལེགས་སྒྱུར་ལ་ནུས་ཤུགས་ཆེན་པོས་སྐུལ་སྤེལ་གཏོང་བ་དང་། དགོངས་དོན་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ནུས་ཤུགས་ཆེན་པོས་རྒྱུན་རྣམ་ཅན་གྱི་གནད་འཁེལ་རོགས་སྐྱོར་ལེགས་པོར་བསྒྲུབ་དགོས་ཤིང་། རྒྱ་ཁྱབ་སྒོས་ལས་ཞུགས་ལ་སྣེ་ཁྲིད་བྱས་ཏེ། དམངས་འཚོ་བདེ་སྐྱིད་ཟམ་མི་ཆད་པར་གོང་སྤེལ་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་ཚབ་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཁེ་ལས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་ལ་རྒྱབ་སྐྱོར་བླ་ལྷག་གནང་བར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཁོས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཁེ་ལས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་བཅངས་ནས། དུས་ནམ་ཡང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་འགྲེང་སྟེ། བློ་ཐག་རྦད་ཆོད་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གལ་ཆེན་བཞག ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པའི་གནད་འགག་གི་དུས་ཡིན་ལ། རྒྱལ་དབང་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱི་མ་རྩ་དང་། ལག་རྩལ། སྟེགས་བུ། འཇོན་མིའི་དགེ་མཚན་དང་མཚོ་སྔོན་འཐབ་ཇུས་ཀྱི་ཁུལ་གནས། ཐོན་ཁུངས་དགེ་མཚན་བཅས་མཐུན་སྦྱོར་ཟབ་མོ་བྱུང་ཞིང་། ང་ཚོས་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། རྒྱ་ཆེའི་ཀྲུང་དབྱང་ཁེ་ལས་དང་འཐབ་ཇུས་མཉམ་ལས་ཟབ་སྤེལ་འབྱུང་བར་རེ་བ་ཆེ་ལ། ཁྱབ་ཁོངས་སྔར་ལས་མང་པོ་དང་གཏིང་རིམ་སྔར་ལས་ཟབ་པར་ཡུན་རིང་གཏན་འཇགས་ཀྱི་མཉམ་ལས་འབྲེལ་བ་འཛུགས་པ་དང་། ནུས་ཤུགས་གཅིག་སྒྲིལ་སྒོས་མཉམ་ལས་མཉམ་རྒྱལ་གྱི་དཔེ་མཚོན་རང་བཞིན་གྱི་གྲུབ་འབྲས་སྐོར་ཞིག་བསྐྲུན་ཏེ། མཚོ་སྔོན་གྱི་ཁྱད་ལྡན་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མཉམ་སྐྲུན་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཀྲུང་དབྱང་དང་ས་གནས་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་དགོས།
ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གནད་ལ་ཁེལ་བའི་སྒོ་ནས་ཀྲུང་དབྱང་དང་ས་གནས་ཀྱི་མཉམ་ལས་རོགས་སྒྲུབ་ཀྱི་འཐབ་ཇུས་ཁ་ཕྱོགས་སྟངས་འཛིན་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཚོ་སྔོན་གྱི་དངོས་ཡོད་ལ་དམ་པོར་སྦྲེལ་ནས། ཧུར་ཐག་གིས་ཀྲུང་དབྱང་དང་ཁེ་ལས་ཀྱི་ཐོན་ལས་བཀོད་པ་དང་འབྲེལ་མཐུད་བྱས་ཏེ། གནད་ལ་འཁེལ་བའི་སྒོ་ནས་མཉམ་ལས་ཀྱི་མཐུན་ཆ་དང་། ཤུགས་འདོན་ས་འཚོལ་དགོས། མཉམ་ལས་ནུས་པ་ཁྱོན་ཡོངས་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་ལ། སྐྱེ་ཁམས་སྲུང་སྐྱོབ་དང་། ཚྭ་མཚོའི་ཐོན་ཁུངས། དག་གཙང་ནུས་ཁུངས། ལྗང་མདོག་རྩིས་གློག སྐྱེ་ཁམས་རིག་གནས་ཡུལ་སྐོར། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་སོགས་དགེ་མཚན་ཆེ་བའི་ཁྱབ་ཁོངས་ལ་དམིགས་ནས། ཀྲུང་དབྱང་དང་ས་གནས་ཀྱི་མཉམ་ལས་ལ་མུ་ཕྲེང་ཡོངས་དང་ཕྱོགས་ཡོངས་ནས་རིམ་སྤོར་མངོན་འགྱུར་འབྱུང་བར་སྐུལ་འདེད་གཏོང་དགོས། རྒྱུན་རྣམ་ཅན་གྱི་ཡུན་ཕན་མཉམ་ལས་ཀྱི་རྣམ་པ་གསར་བ་བསྐྲུན་ནས། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱས་ཏེ། བདག་རྐྱེན་འགན་སྲུང་ཇེ་དྲག་ཏུ་བཏང་ནས། ཆུ་ཚད་མཐོ་བའི་ཀྲུང་དབྱང་དང་ས་གནས་ཀྱི་མཉམ་ལས་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་འཕེལ་རིམ་གསར་བ་ལོན་པ་དང་། གྲུབ་འབྲས་གསར་བ་ལོན་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་སྟེང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཨུ་ཡོན། ཀྲུའུ་རེན་གཞོན་པ་ཕང་ཞའོ་ཀང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་བྱ་བའི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་། རྒྱལ་ཁབ་གློག་དྲ་དང་། ཀྲུང་གོ་ཧྭ་གློག རྒྱལ་ཁབ་གློག་ཤུགས་དངུལ་གཏོང་། ཀྲུང་གོ་གཏེར་ལྔ། ཀྲུང་གོ་ལྗང་སྤེལ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད། མཚོ་སྔོན་ཞིང་ཆེན་དང་ཀྲུང་དབྱང་ཁེ་ལས18ཀྱིས་རྣམ་གྲངས50ཡི་མཉམ་ལས་གྲོས་ཡིག་ལ་མིང་རྟགས་བཀོད་།
ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཅིན་ཀང་དང་། ཀྲུའུ་ཞང་ཧྥིན་ཚོགས་འདུར་ཞུགས། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཐིང་དང་ཅུས། ཀྲུང་དབྱང་ཁེ་ལས་དང་མཚོ་སྔོན་རོགས་སྐྱོར་སྡེ་ཁག མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཁེ་ལས་ཡན་ལག་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཆེན་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འགན་ཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་སྲིད་གཞུང་སོ་སོ་དང་། ཞིང་ཆེན་ཐད་གཏོགས་དང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དག་ཚོགས་འདུར་ཞུགས།