མཚོ་སྔོན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”ཚན་རྩལ་གསར་གཏོད་ཀྱི་དཔྱ་ཁྲལ་ཆག་ཡང་ངམ་མེད་པར་བཟོ་བའི་སྲིད་ཇུས་ཐོག་མ་ལག་བསྟར་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ7ཚེས10ཉིན་ཟི་ལིང་མཚོ་འགག་ཁོངས་གཏོགས་ཀྱི་ནུབ་མཚོའི་འགག་སྒོ་ཡིས་ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་སུའོ་ལ་ནང་འདྲེན་བྱས་པའི་ཚན་ཞིབ་ཐད་སྤྱོད་པའི་ཞིབ་ཚགས་ཅན་གྱི་ཕྲ་མཐོང་ཆེ་ཤེལ་གཅིག་ལ《དཔྱ་ཁྲལ་རྩ་ཆག་གཏན་འཁེལ་གྱི་བརྡ་ཐོ》སྤྲད། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཚན་རྩལ་གསར་གཏོད་གྱིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་པའི་ནང་འདྲེན་ལས་སྒོ་ཐོག་མ་ཡིན་ཞིང་།  ཚན་རིག་གསར་གཏོད་ཀྱི་ཁྲལ་བསྡུ་སྲིད་ཇུས་ཀྱི་རྣམ་གྲངས་དེ་མཚོ་སྔོན་དུ་དངོས་སུ་ལག་བསྟར་བྱས་པའི་མཚོན་རྟགས་རེད། ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་སུའོ་ཡི་འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་ལྟར་ན།  “སྒྲིག་ཆས་དེ་ནི་ཚོད་ལྟ་ཁང་གིས་ཚྭ་མཚོ་ཐོན་ཁུངས་ལ་དབྱེ་ཞིབ་ཞིབ་འཇུག་གཏིང་ཟབ་ཐད་སྤྱོད་བྱའི་འགག་རྩའི་དཔྱད་ཆས་ཤིག་ཡིན།  དཔྱ་ཁྲལ་ཆག་ཡང་ངམ་མེད་པར་བཟོ་བའི་སྲིད་ཇུས་འདིས་ང་ཚོར་སྒྲིག་ཆས་ཀྱི་ཉོ་སྒྲུབ་ཐད་ཀྱི་འགྲོ་གྲོན་མང་པོ་ཞིག་གྲོན་ཆུང་བྱས།  གྲོན་ཆུང་བྱས་པའི་འགྲོ་གྲོན་མང་པོ་སླད་ཕྱིན་གྱི་ཚོད་ལྟའི་ཟད་གྲོན་རྒྱུ་ཆ་ཉོ་སྒྲུབ་དང་ཚན་ཞིབ་ཚོགས་པ་འཛུགས་སྐྱོང་ཐད་གཏང་འཆར་ཡོད”ཟེར།     

“ད་ཐེངས་ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་སུའོ་ཡི་ཚན་རིག་ཞིབ་འཇུག་སྒྲིག་ཆས་ནང་འདྲེན་གྱི་དགོས་མཁོར་དམིགས་ནས་ང་ཚོས་ཡིག་ཐོག་སྙན་ཞུ་ཞུ་འབུལ་གནད་ལ་འཁེལ་བར་མཛུབ་ཁྲིད་བྱས་ཏེ། ཞིབ་དཔྱད་ཁས་ལེན་ཐོབ་པ་ལ《དཔྱ་ཁྲལ་རྩ་ཆག་གཏན་འཁེལ་གྱི་བརྡ་ཐོ》སྤྲོད་དགོས་པའི་བླང་བྱ་ལྟར་བསྒྲུབ་ན་ཧ་ལམ་དངོས་ཟོག་གི་དཔྱ་ཁྲལ་སྒོར་ཁྲི6.5ཆག་ཡང་གཏང་ཐུབ ”ཟེར། ཟླ9ཚེས15ཉིན་ཟི་ལིང་མཚོ་འགག་ཁོངས་གཏོགས་ཀྱི་ནུབ་མཚོ་འགག་སྒོའི་ཕྱོགས་བསྡུས་ལས་སྒོ་ཁོའོ་ཡི་མགོ་གཙོ་ཞུས་ཝུའེ་ཡིས་བཅར་འདྲི་ལ་དང་ལེན་བྱེད་སྐབས་ཁོས་དེ་ལྟར་བརྗོད། “ལོ་ལྔ་ཚན་བཅོ་ལྔ་པའི”སྲིད་ཇུས་གསར་པ་དེ“ལོ་ལྔ་ཚན་བཅུ་བཞི་པའི”སྲིད་ཇུས་ལས་ཕན་པ་ཐོབ་མཁན་གྱི་བྱེད་པོ་དེ་བས་རྒྱ་ཆེ་བ་ཞིང་།  དཔྱ་ཁྲལ་རྩ་ཆག་གི་འབོར་གྲངས་དེ་བས་གནད་ལ་འཁེལ་བ།  ཞིབ་ཐོ་ལྟ་སྐུལ་དོ་དམ་དེ་བས་འཐུས་སྒོ་ཚང་ཟེར།     

《ནོར་སྲིད་པུའུ། མཚོ་འགག་ལས་ཁུངས། ཁྲལ་དོན་སྤྱི་ཁྱབ་ཅུས་བཅས་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཚན་རྩལ་གསར་གཏོད་གྱིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ནང་འདྲེན་ལ་རྒྱབ་སྐྱོར་བྱ་བའི་སྐོར་གྱི་བརྡ་ཐོ》དེ2026ལོའི་ཟླ1ཚེས་1ཉིན་ནས2030ལོའི་ཟླ12ཚེས31ཉིན་བར་ལག་བསྟར་བྱ་རྒྱུ་ཡིན། དེའི་ནང་ཚན་རིག་ཞིབ་འཇུག་གི་ལས་ཁུངས་དང་།  ལག་རྩལ་གསར་སྤེལ་ལས་ཁུངས།  སློབ་གྲྭ ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང་) ། དཔེ་མཛོད་ཁང་བཅས་ཀྱིས་རྒྱལ་ནང་དུ་ཐོན་སྐྱེད་བྱེད་མི་ཆོག་པའམ་ཡང་ན་ནུས་པས་དགོས་མཁོ་སྐོང་མི་ཐུབ་པའི་ཚན་རིག་ཞིབ་འཇུག་དང་།  ཚན་རྩལ་གསར་སྤེལ། སློབ་ཁྲིད་མཁོ་ཆས་ནང་འདྲེན་བྱས་ཚེ་ནང་འདྲེན་སྒོ་ཁྲལ་དང་ནང་འདྲེན་གོ་རིམ་ཁྲོད་ཀྱི་གནས་ཐང་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་རྩ་ཆག་གཏོང་དགོས་པ་གསལ་འབེབས་བྱས་ཏེ།  ཚན་རིག་ཞིབ་འཇུག་གི་བྱེད་པོ་ཟོར་ཡང་བའི་སྒོ་ནས་གཡུལ་སར་ཞུགས་པ་དང་། ནུས་ཤུགས་གཅིག་སྡུད་ཀྱིས་ལྟེ་བའི་འགག་སྒོ་སྒྲོལ་བར་སྲིད་ཇུས་ཀྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས།     

སྲིད་ཇུས་ཀྱི་ཁེ་འབབ་འདོན་སྤེལ་གང་ལེགས་བྱ་ཆེད། ཟི་ལིང་མཚོ་འགག་གིས་དེ་མ་ཉིད་དུ་མངའ་ཁུལ་གྱི་སྲིད་ཇུས་སྤྱད་འཐུས་ཀྱི་ཞིབ་ཐོ་གསེད་བཀྲོལ་དང་། ཞིང་ཆེན་ནང་ཁུལ་གྱི་སྤྱོད་མཁན་ལ“གཅིག་གཏད་གཅིག”གི་སྲིད་ཇུས་སྒྲོག་འགྲེལ་གནད་ལ་འཁེལ་བ་བྱས་ཤིང་། སྲིད་ཇུས་གསར་པའི་སྤྱད་འཐུས་ཁྱབ་ཁོངས་དང་།  སྙན་ཞུའི་རེ་འདུན། དེ་བཞིན་འགྲོ་ལུགས་སྒྲུབ་པའི་བརྒྱུད་རིམ་ལ་གསལ་འགྲེལ་ཞིབ་ཕྲ་བྱས་ཏེ།  རྒྱུད་རིམ་ཧྲིལ་པོར་སྙན་ཞུའི་རྒྱུ་ཆ་གྲ་སྒྲིག་འཐུས་ཚང་དང་ཚད་ལྡན་ལ་སློབ་སྟོན་བྱས་པ་དང་། ལས་སྒོ་སྒྲུབ་པའི་དུས་ཡུན་ལ་ཚད་བཀག་བཟོས་ནས་དཔྱ་ཁྲལ་ཆག་ཡང་དང་མེད་པར་བཟོ་བའི་ལས་སྒོ་བརྒྱུད་རིམ་ཡོངས་ནུས་ལྡན་གྱིས་བསྒྲུབས། ད་ལོའི་ཟླ་བ་སྔོན་མ་བརྒྱད་ཀྱི་ནང་དུ་དཔྱ་ཁྲལ་ཁྱོན་སྒོར་ཁྲི225.1དཔྱད་ཞིབ་ཐོག་ཆག་ཡང་ངམ་མེད་པར་བཏང་ཡོད་ཅིང་། དེ་ནི་ན་ནིང་གི་དུས་མཉམ་ལས151.2%འཕར་བ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།