ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བ་ཐེངས45པ་འགོ་བརྩམས། ད་ལོའི་དྲིལ་སྒྲོག་ཟླ་བས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པའི་གཙོ་ཐིག་ལ་དམིགས་ནས། བརྗོད་དོན་གཙོ་བོའི་བྱེད་སྒོ་ཆེན་པོ་བཅུ་སྤེལ་བ་དང་། གཞུང་ལུགས་སྒྲོག་བཤད་དང་རིག་རྩལ་ནུས་སྩོལ། དཔེ་མཚོན་དཔེ་སྟོན། ལྟ་སྦྱོང་སྤེལ་རེས། བརྗོད་དོན་འགྲན་སྡུར་སོགས་བྱེད་ཐབས་མང་པོ་བརྒྱུད་དེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་སློབ་གསོ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་།
དྲིལ་སྒྲོག་ཟླ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་བྱ་བའི་གཞུང་ལུགས་སློབ་སྦྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་དང་ཆེད་དོན་འཆད་ཁྲིད། ཞིབ་འཇུག་བགྲོ་གླེང་དང་སྤེལ་རེས་སོགས་ལ་བརྟེན་ནས་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། ཏང་གི་མི་རིགས་སྲིད་ཇུས་ཁྲིམས་སྲོལ་སོགས་སློབ་སྦྱོང་ཟབ་མོ་བྱས་ཏེ། དུས་རབས་གསར་པའི་མི་རིགས་བྱ་བའི་དོན་སྙིང་གཙོ་བོར་ཤེས་རྟོགས་གནད་འཁེལ་བྱེད་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ལག་བསྟར་བྱེད་པའི་གོ་སྐབས་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་རིམ་པའི་སྒྲོག་བཤད་ཚོགས་པ་རྩ་འཛུགས་བྱས་ནས། ཞིང་ཆེན་ཡོངས་སུ་སྐོར་སྐྱོད་སྒྲོག་བཤད་བྱེད་པ་དང་། བཅའ་ཁྲིམས་དྲིལ་སྒྲོག་གི་རྒྱུན་རྣམ་ཅན་གྱི“བསྐྱོད་པ་བདུན”ལ་སྐུལ་འདེད་བཏང་སྟེ། རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་མཐོར་བཏང་།
དྲིལ་སྒྲོག་ཟླ་བའི་འགོ་རྩོམ་མཛད་སྒོ་དང་དེ་བཞིན་གཅིག་བསྡུས་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་གྲུབ་འབྲས་དང་། རིགས་སོ་སོ་མཉམ་འདྲེས་མཉམ་འཚོ་བྱེད་པའི་རྣམ་པ་ལེགས་པོ་གཅིག་སྡུད་སྒོས་མངོན་པར་བྱས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་གཙོ་བོ་གདན་ཞུ་ཞུས་ཏེ་གཞི་རིམ་དུ་སོང་ནས་ཆེད་དོན་བཅར་འདྲི་བྱས་ཤིང་། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ལེགས་པོར་བཤད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་བརྗོད་དོན་རིག་རྩལ་བྱེད་སྒོ་སྤེལ་ཏེ། རིག་རྩལ་གསར་རྩོམ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་ནུས་པ་སྩོལ་བ་དང་དེ་མི་སེམས་སུ་སིམ་པར་བྱེད་དགོས། དུས་མཉམ་དུ་སྨྱན་སྦྱོར་གསར་པའི་སྟེགས་བུར་བརྟེན་ནས་དྲ་རྒྱའི་བརྗོད་དོན་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་དང་། བརྒྱུད་གཏོང་རྣམ་པ་གསར་གཏོད་བྱས་ཏེ་དྲ་རྒྱའི་སྟེང་གི་མི་རིགས་མཐུན་སྒྲིལ་གྱི་གླེང་ཕྱོགས་ཆེ་རུ་བཏང་།
དེ་ལས་གཞན། ཞིང་ཆེན་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་མཚོན་བྱས་རྗེས་གཅིག་སྡུད་ཀྱིས་དྲིལ་སྒྲོག་བྱས་ཏེ་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་བྱས་པ་དང་། ལས་བྱེད་པ་དང་ལས་བཟོ་པ་རྩ་འཛུགས་བྱས་ཏེ་ལྟ་སྦྱོང་དང་ཞིབ་འཇུག་སློབ་སྦྱོང་བྱས་ནས། གསར་སྐྲུན་བྱ་བའི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་། སྤྱི་པའི་རིག་གནས་བྱེད་སྒོ་སྤེལ་ཡུལ་དང་དུས་རབས་གསར་པའི་དཔལ་ཡོན་ལག་བསྟར་སྟེགས་བུ་སྣ་ཚོགས་ལ་བརྟེན་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་རིག་གནས་ཀྱིས་དམངས་ལ་ཕན་འདོགས་པ་དང་གཏམ་རྒྱུད་སྒྲོག་བཤད། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་འཁྲབ་སོགས་མང་ཚོགས་རང་བཞིན་གྱི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ། ལས་ཁུངས་དང་སློབ་གྲྭ། ཆོས་ལུགས་ལས་རིགས་སོགས་ཁྱབ་ཁོངས་ལ་ཁ་གཏད་དེ་རིམ་པ་དགར་ནས་ཤེས་བྱ་འགྲན་སྡུར་དང་བརྗོད་དོན་གཏམ་བཤད། གསུང་རབ་གྱེར་ཀློག་སོགས་ཁྱད་ལྡན་བྱེད་སྒོ་སྤེལ་བ་དང་། རིགས་སོ་སོའི་མང་ཚོགས་ཀྱི“ཁས་ལེན་ལྔ”ཇེ་དྲག་ཏུ་བཏང་སྟེ། ཚད་གཞི་མཐོ་བའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐད་སྒྲིལ་ཤུགས་ཆེན་པོ་བསྡུས།