ཞིང་ཆེན་སྲིད་གྲོས་ཀྱིས“མཐོ་སྒང་གི་གྲང་བསིལ་གནམ་གཤིས་ཀྱི་དགེ་མཚན་ལ་རྐང་བཙུགས་ནས་ཚ་གཡོལ་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”སྲིད་གླེང་འགོ་ཁྲིད་ཚན་ཆུང་གི་བྱ་བའི་ཆེད་དོན་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས15ཉིན། ཞིང་ཆེན་སྲིད་གྲོས་ཀྱིས“མཐོ་སྒང་གི་གྲང་བསིལ་གནམ་གཤིས་ཀྱི་དགེ་མཚན་ལ་རྐང་བཙུགས་ནས། ཚ་གཡོལ་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”སྲིད་གླེང་འགོ་ཁྲིད་ཚན་ཆུང་གི་བྱ་བའི་ཆེད་དོན་ཚོགས་འདུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ཚོགས་འདུ་ལས་བསྟན་དོན།  ཐུན་མོང་མ་ཡིན་པའི་མཐོ་སྒང་གི་གྲང་བསིལ་གནམ་གཤིས་དང་སྐྱེ་ཁམས་ཁོར་ཡུག་ལེགས་པོ། རང་བྱུང་ཐོན་ཁུངས་གཙང་མ་བཅས་ཀྱི་དགེ་མཚན་ལ་བརྟེན་ནས་ཚ་གཡོལ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་རིན་ཐང་སྔོག་འདོན་དང་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་གསོན་ཤུགས་བསྐྱེད་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པ་བཅས་ཀྱི་བྱེད་ཐབས་གཙོ་བོ་ཡིན་པ་དང་།   ཐོན་ལས་འཕེལ་རྒྱས་གཏོང་བའི་དམ་འཛིན་བྱེད་ས་གལ་ཆེན་ཞིག་ཡིན།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ཆད་མེད་པར“ཀྲུང་གོའི་བསིལ་ལྡན་གྲོང་ཁྱེར”ཞེས་པའི་ཁྱད་ལྡན་སྤུས་རྟགས་ཀྱི་མིང་གྲགས་ཆེ་རུ་བཏང་སྟེ། ཚ་གཡོལ་དཔལ་འབྱོར་དང་མཐོ་སྒང་ཁམས་གསོ། སྐྱེ་ཁམས་ཉམས་ལེན། གྲོང་གསེབ་གཞིས་སྡོད་སོགས་ཀྱི་ལས་རྣམ་གསར་པར་དམིགས་ནས། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་མཁོ་འདོན་ཕུན་སུམ་ཇེ་ཚོགས་སུ་བཏང་ལ། ཚ་གཡོལ་ཐོན་ལས་དེ་དུས་མཚམས་ཧྲིལ་བོར་ཉམས་ལེན་དང་མུ་ཕྲེང་ཡོངས་ཀྱི་འཛད་སྤྱོད་ཕྱོགས་སུ་རིམ་སྤོར་བྱེད་རྒྱུར་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་དེ་སྤུས་འདེགས་ཕན་སྐྱེད་ཀྱི་འཕར་གནས་གསར་པར་འགྱུར་བར་བྱས།   ཞིང་ཆེན་སྲིད་གྲོས་ཀྱིས་འགན་ནུས་ངེས་གནས་ལ་རྐང་བཙུགས་ནས་ཚ་གཡོལ་དཔལ་འབྱོར་དེ་ལོ་འཁོར་གྱི་གྲོས་མོལ་གནད་དོན་གཙོ་བོར་བརྩིས་ནས། ཨུ་ཡོན་དང་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་རྟོག་ཞིབ་གྲོས་མོལ་བྱེད་པ་དང་། ཚ་གཡོལ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འགག་གནད་དང་དཀའ་གནད་སེལ་ཐབས་ལེགས་པོ་བྱེད་པ། ཕྱོགས་སོ་སོའི་རིག་སྟོབས་གཅིག་བསྡུས་བྱེད་པ། དོན་དངོས་དང་མཐུན་ཞིང་དམིགས་གཏད་རང་བཞིན་ལྡན་པའི་བྱེད་ཐབས་དང་གྲོས་གཞི་སྐོར་ཞིག་གྲུབ་པར་བྱེད་པ་བཅས་བྱས་ཏེ། ཞིང་ཆེན་ཏང་ཨུས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཐག་གཅོད་པ་དང་། ཞིང་ཆེན་སྲིད་གཞུང་གིས་ཕན་ནུས་མཐོ་བའི་ཇུས་བསྟར་བྱེད་པའི་ཐད་དཔྱད་གཞི་ལེགས་པོ་འདོན་སྤྲོད་བྱེད་ངེས་ཡིན།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། འགན་སྒྲུབ་ཕན་འབྲས་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། སྲིད་དོན་གྲོས་མོལ་སྙན་ཞུ་དང་ཆེད་དོན་གཏམ་བཤད་རྒྱུ་ཆ་ཞིབ་ཚགས་འཐུས་ཚང་དུ་གཏོང་བ། ཐོན་ལས་ཀྱི་མི་འདང་ས་དང་འཕེལ་རྒྱས་ཞན་ཆ་གསབ་པ། འཕེལ་རྒྱས་ཐབས་ལམ་ཇེ་གསལ་དུ་གཏོང་བ་བཅས་ལ་དམིགས་ཏེ། མ་ལག་ལྡན་པའི་སྒོ་ནས་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་ལེགས་སྒྲིག་བྱས་ཏེ། ནང་དོན་ཞིབ་ཚགས་དང་གཏན་ཚིགས་གཟབ་ནན། དངོས་ཡོད་གནས་ཚུལ་དང་མཐུན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་གྲོས་མོལ་སྲིད་གླེང་གི་གྲུབ་འབྲས་ལེགས་པོ་ཞིག་གྲུབ་པར་བྱེད་དགོས། སྲིད་ཇུས་ནུས་སྩོལ་དང་རྐྱེན་སྲོལ་འགན་སྲུང་ཇེ་དྲག་ཏུ་བཏང་ནས། ཚ་གཡོལ་དཔལ་འབྱོར་གྱི་ཆེད་དོན་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་གང་ལེགས་གཏོང་བ་དང་། ཆེད་སྤྱོད་འཕེལ་རྒྱས་མ་དངུལ་བརྩོན་ལེན་དང་ཆེད་དོན་བྱ་བའི་ཚན་ཆུང་འཛུགས་པ། ཟི་ལིང་གི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་དང་ཡུལ་སྐོར་གྲོང་ཁྱེར་གཙོ་བོའི་ངེས་གནས་ལ་བརྟེན་ནས། དམངས་སྲོལ་མགྲོན་ཁང་དང་ཡུལ་སྐོར་ལས་དོན་ཁང་སོགས་ཁྲོམ་རའི་བྱེད་པོར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚ་གཡོལ་དང་མཉམ་འབྲེལ་གྱི་ལས་རྣམ་སྣ་མང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཚ་གཡོལ་གཞིས་སྡོད་དང་སྐྱེ་ཁམས་ཁམས་གསོ་སོགས་ཐོན་ལས་མུ་ཕྲེང་རྒྱ་བསྐྱེད་པ། ཡུན་ཐུང་གི་ལྟ་སྐོར་དེ་ཡུན་རིང་ལ་གཞིས་སྡོད་བྱེད་པ་དང་ཁམས་གསོ་ལེགས་པོ་བྱེད་པའི་ཕྱོགས་སུ་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། ཟི་ལིང་གྲོང་ཁྱེར་དེ་ཞིང་ཆེན་ཡོངས་ཀྱི་ཚ་གཡོལ་དཔལ་འབྱོར་གྱི་དཔེ་མཚོན་དུ་བསྐྲུན་པར་འབད་བརྩོན་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཚ་གཡོལ་དཔལ་འབྱོར་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས། ཀྲུང་གོ་གནམ་གཤིས་སློབ་ཚོགས་དང་ཞིང་ཆེན་གནམ་གཤིས་སྡེ་ཁག་བར་གྱི་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། དབང་གྲགས་ལྡན་པའི་གནམ་གཤིས་སྤུས་རྟགས་ཀྱི་མཚོན་རྟགས་རེ་ཞུ་གང་ལེགས་བྱེད་པ། ཐོན་ལས་འཕེལ་རྒྱས་ཀྱི་གཞི་གྲངས་འདེགས་སྐྱོར་སྔར་ལས་ཇེ་ཞིབ་ཏུ་གཏོང་བ། ཚ་གཡོལ་གཞིས་སྡོད་མི་ཚོགས་ཀྱི་གྲངས་འབོར་དང་འཛད་སྤྱོད་གཞི་ཁྱོན་སོགས་གཞི་གྲངས་གཙོ་བོ་ལེགས་སྒྲིག་བཅས་བྱས་ཏེ། ཐོན་ལས་འཆར་འགོད་དང་སྲིད་ཇུས་གཏན་འབེབས་ཐད་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས། དེ་དང་མཉམ་དུ་ཡོན་ཧྲིའི་ཐོན་ཁུངས་དང་ལས་རིགས་ཆེད་མཁས་པའི་བསྔགས་བརྗོད། དེ་བཞིན་རིག་རྩལ་བྱེད་སྒོ་སྣ་ཚོགས་བཅས་ལ་བརྟེན་ནས། དྲིལ་སྒྲོག་ཟབ་མོ་བྱས་ཏེ་རབ་མཛེས་མཚོ་སྔོན་གྱི་ཚ་གཡོལ་སྤུས་རྟགས་ཀྱི་ཤུགས་རྐྱེན་ནུས་པ་དང་མིང་གྲགས་ཚད་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།

ཐེན་ཁུའེ་དང་ལིའུ་ཏ་ཡེ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།