ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སྐབས་གསུམ་པ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས7ཉིན་ནས་ཚེས11ཉིན་བར། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སྐབས་གསུམ་པ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས། ཐེངས་འདིའི་བགྲོ་གླེང་འཛིན་གྲྭས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཞིང་ཆེན་རིམ་པའི་ལས་བྱེད་སློབ་གསོའི་གསོ་སྦྱོང་བརྗོད་དོན་འཛིན་གྲྭའི་བཀོད་སྒྲིག་གཞིར་བཟུང་སྟེ། ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གཞུང་སྒྲུབ་ཁང་། ཞིང་ཆེན་ཁྲིམས་འཛིན་ཐིང་གཉིས་ཀྱིས་འགན་སྒྲུབ་བྱས་ཤིང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་གྲོང་ཁྱེར་དང་ཁུལ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་ཨུ། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་བཅས་ཀྱི་ཁྲིམས་སྐྱོང་བྱ་བའི་ཁག་བགོས་འགན་ཁུར་བློ་མཐུན་དང་། ཁྲིམས་སྐྱོང་བྱ་བའི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་བགྲོ་གླེང་འཛིན་གྲྭས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་དམིགས་སུ་བཟུང་སྟེ། ཁྲིམས་འཛུགས་དང་ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་དང་བཅའ་ཁྲིམས་ཁྱབ་གདལ་བཅས་ཀྱི་ལག་ལེན་བཀོད་སྒྲིག་གི་སློབ་སྦྱོང་ནང་དོན་དང་དམ་དུ་སྦྲེལ་ཞིང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སོགས་གཙོར་བཟུང་ནས་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད། དགེ་རྒན་སྡེབ་སྒྲིག་གི་སྟེང་ནས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཡོད་ལ། ཕྱི་ནས་གདན་དྲངས་པའི་ཆེད་མཁས་པ་ཡོད་པར་མ་ཟད། དུས་མཉམ་དུ་ཞིང་ཆེན་གྱི་འགོ་ཁྲིད་ཀྱང་གདན་ཞུ་བྱས་ཏེ་ཁྲིད་སྟེགས་སྟེང་སློབ་ཁྲིད་བྱས། འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་བེད་སྤྱོད་བྱས་ནས། བཅོས་སྒྱུར་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགལ་ཟླ་སེལ་བ། ཉེན་ཁར་ཁ་གཏད་འཇལ་བ། གཏན་འཇགས་སྲུང་སྐྱོང་བཅས་ཀྱི་ནུས་པ་སྔར་ལས་མཐོར་འདེགས་བཏང་སྟེ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བའི་གནས་བབ་གསར་བ་དང་། ལས་འགན་གསར་བ། བླང་བྱ་གསར་བ་བཅས་དང་སྔར་ལས་འཚམ་པར་བྱེད་ཆེད་ཡིན།

ཉིན5རིང་གི་ཐུན་མོང་སློབ་སྦྱོང་བྱས་པ་བརྒྱུད། སློབ་མ་ཡོངས་ཀྱིས་སེམས་རྣལ་དུ་ཕབ་ནས། བསླབ་བསམ་ཟུང་འབྲེལ་དང་། བསླབ་ལ་གོ་རྟོགས་བསྐྱེད་དེ། གཞུང་ལུགས་ཀྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་ཞིང་། ཁྲིམས་ལྟར་འགན་སྒྲུབ་ཀྱི་ནུས་པ་མཐོར་འདེགས་བཏང་། ཚང་མས་གཅིག་གྱུར་གྱིས་བསྟན་དོན། ཐེངས་འདིའི་བགྲོ་གླེང་གསོ་སྦྱོང་འགོ་རྩོམ་ས་གསར་བར་བརྩིས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མུ་མཐུད་དུ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་དུ་བསྟར་ནས། སྦྱངས་ཟིན་པ་དང་བསམ་གཞིགས་ཡོད་ཚད་ཁྲིམས་སྐྱོང་ལས་དོན་ཇུས་འགོད་ཀྱི་རིག་ལམ་དང་། དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་བྱེད་ཐབས་སུ་བསྒྱུར་དགོས་ལ། ལངས་གནས་སྔར་ལས་མཐོན་པོ་དང་བྱེད་ཕྱོགས་སྔར་ལས་དོན་ལྡན། འཇོན་ནུས་སྔར་ལས་ཆེ་བ་བཅས་ལ་བརྟེན་ནས། ལས་གནས་སྟེང་གི་འགན་འཁྲི་ལག་བསྟར་བཟང་པོ་བྱེད་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བཀོད་སྒྲིག་ཁག་རང་ས་ཁུལ་དང་རང་སྡེ་ཁག་ནས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་ཆེད་ཁྲིམས་སྐྱོང་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།