མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་བྱ་རིགས་སྲུང་སྐྱོང་དང་ཁྲིམས་འགལ་ངང་བྱ་རིགས་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱེད་སྤྱོད་ཀྱི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱ་ཆེད། མཚོ་སྔོན་གྱིས་མཚོ་བོད་ས་མཐོའི་དམིགས་བསལ་སྐྱེ་ཁམས་ས་བབ་དང་རི་སྐྱེས་བྱ་རིགས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆར་གཞི་ཚུགས་ཏེ། ཕྱོགས་མང་པོའི་སྟོབས་ཤུགས་ལ་གཅིག་གྱུར་འཆར་འགོད་བྱས་ནས་བྱ་རིགས་སྲུང་སྐྱོང་གི་ལོ་གསུམ་གྱི་ཆེད་དམིགས་བྱ་སྤྱོད་ལ་སྐུལ་འདེད་བཏང་བ་དང་། ས་མཐོའི་རི་སྐྱེས་བྱ་རིགས་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་རྒྱུན་མཐུད་བསྐྲུན་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་མངོན་གསལ་ཐོབ།
བྱ་རིགས་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་ཆེད། ད་ལོའི་ལོ་མགོར་མཚོ་སྔོན་གྱིས《མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྲོལ་ཡིག》དངོས་སུ་བཏོན་པ་མ་ཟད། རི་སྐྱེས་བྱ་རིགས་སྒྲིག་འགལ་ངང་པར་ལེན་བྱེད་པའི་གསལ་བརྡ་ཁྱབ་བསྒྲགས་བྱས་ནས་རི་སྐྱེས་བྱ་རིགས་ལ་ཟིང་ཆ་བཟོ་བ་དང་བྱ་རིགས་གནས་སྡོད་ཁོར་ཡུག་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་བྱེད་སྤྱོད་ངན་པ་བཅོས་སྒྲིག་བྱས་ཡོད། 《མཚོ་སྔོན་ཞིང་ཆེན་གྱི་བྱ་རིགས་གསོ་ཚགས་ཀྱི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་ཞིབ་ཐོ》དུས་གཅིག་ཏུ་ཁྱབ་བསྒྲགས་བྱས་ནས་དམངས་ཁྲོད་ཀྱི་གཅེས་ཉར་སྲོག་ཆགས་བྱ་རིགས་གསོ་སྤེལ་བྱེད་སྟངས་ཚད་ལྡན་དུ་བཏང་།
དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱིས་འདབ་ཆགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱ་སྤྱོད་བཅོས་སྒྲིག་ནན་པོ་བྱ་རྒྱུ་མཐའ་འཁྱོངས་དང་། དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་གྱི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། མེ་ཏོག་དང་འདབ་ཆགས་ཁྲོམ་ར་དང་གཅེས་ཉར་སྲོག་ཆགས་ཚོང་ཁང་སོགས་སུ་ལྐོག་བཤེར་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། རི་སྐྱེས་བྱ་རིགས་ཁྲིམས་འགལ་ངང་འཚོང་བ་དང་རྔོན་འཛིན་ཡོ་བྱད་སྒྲིག་འགལ་ངང་ཉོ་ཚོང་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ནས་ཆུ་མགོ་ནས་འདབ་ཆགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉོ་ཚོང་བཀག་འགོག་བྱས། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་བླངས་པ་དང་གཞི་རིམ་གྱི་དོ་དམ་སྲུང་སྐྱོང་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་དང་བླངས་པའི་ལྡོག་སྐྱེལ་གྱི་དྲ་རྒྱ་དང་། འདབ་ཆགས་དང་འབྲེལ་བ་ཡོད་པའི་སྒྲིག་འགལ་གྱི་སྣང་ཚུལ་འདྲ་མིན་སྣ་ཚོགས་ལ་དམིགས་ཏེ། མགྱོགས་འཕྲིན་དང་། ཁྱུག་དབྱིངས་སོགས་གཙོ་རྒྱུགས་དྲ་རྒྱའི་ལས་སྟེགས་ཀྱི་འགན་འཁུར་བར་རང་འགུལ་གྱིས་དུས་བཏབ་གྲོས་མོལ་བྱས་ནས་འཕྲིན་སྟེགས་ཀྱི་བྱེད་པོའི་འགན་འཁྲི་ཇེ་བརྟན་དུ་བཏང་བ་དང་། རི་སྐྱེས་བྱ་རིགས་དཀྲོགས་པ་དང་། སྦིར་སྒྲོག་ཧ་ལས་པ་བྱེད་པ། ཁྲིམས་མིན་གྱི་ཉོ་ཚོང་ཚོང་འདྲེན་སོགས་སྒྲིག་འགལ་བྱེད་སྤྱོད་ལ་དག་ཐེར་ཤུགས་ཆེན་བྱས། ན་ནིང་གི་ཟླ9པ་ནས་བཟུང་དྲ་དཔོན7ལ་དུས་བཏབ་གྲོས་མོལ་བྱས་པ་དང་། སྒྲིག་འགལ་ངང་བྱ་རིགས་ཉོ་ཚོང་བྱེད་པའི་རྩིས་ཐོ30ལྷག་ལ་སྒོ་ཐེལ་བརྒྱབ། རི་སྐྱེས་བྱ་རིགས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་གྱོད་གཞི16ཞིབ་བཤེར་ཐག་གཅོད་བྱས་པ་དང་། རི་སྐྱེས་བྱ་རིགས212རྩད་ཆོད། ཁྲིམས་འགལ་གྱི་ཉེས་ཅན33དང་སྲིད་འཛིན་ཆད་གཅོད་སྒོར་ཁྲི6.58ཐག་གཅོད་བྱས།
རི་སྐྱེས་བྱ་རིགས་ཐོན་ཁུངས་གྱི་འགུལ་རྣམ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་ཆེད། མཚོ་སྔོན་གྱིས་ཁྱོན་ཡོངས་ལ་ཁྱབ་ཅིང་རྒྱུན་རྣམ་ཅན་གྱི་བྱ་རིགས་ཐོན་ཁུངས་ལ་རྟག་ཏུ་བརྟག་དཔྱད་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གནས་སྤོས་ཆེད་དམིགས་ལྟ་ཞིབ་ཚད་ལེན་ལས་དོན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་། ལོ་གཅིག་གི་རིང་ལ་ཞིང་ཆེན་ཡོངས་ཀྱི་བྱ་རིགས་ཀྱི་བསྟི་གནས་གལ་ཆེན137ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། འགག་རྩའི་དུས་ཚིགས་སུ་བྱ་རིགས་ཐོན་ཁུངས་ཀྱི་མ་གྲངས་ལ་མཐིལ་རྟོགས་གསལ་པོ་བྱས་པ་ནི། 2025ལོའི་སྟོན་ཀར་ཆུ་བྱ་རིགས78ཡོད་ཅིང་གྲངས་འབོར་ཁྲི69ལྷག་ཙམ་གནས་སྤོ་བར་ལྟ་ཞིབ་ཚད་ལེན་བྱས། 2026ལོར་དགུན་སྒྲོལ་ཆུ་བྱ་རིགས49ཡོད་ཅིང་གྲངས་འབོར5ལྷག་ཙམ་གནས་སྤོ་བ་ལ་ལྟ་ཞིབ་ཚད་ལེན་བྱས། 2026ལོའི་དཔྱིད་དུས་སུ་ཆུ་བྱ་རིགས81དང་གྲངས་འབོར14.8གནས་སྤོ་བྱས་པར་ལྟ་ཞིབ་ཚད་ལེན་ཐུབ་ཡོད་དོ།།
ལྟ་ཞིབ་ཚད་ལེན་ལས་ཀ་རྒྱུན་འཁྱོངས་བྱས་པ་དང་བསྟུན་ནས་ཞིང་ཆེན་ཡོངས་སུ་སྔོན་མེད་པའི་བྱ་རིགས་གསར་པ7ཡོང་བ་ལྟ་ཞིབ་ཚད་ལེན་ཐོབ། དེ་ལས་ངང་དཀར་ཆེ་བའི་རིགས་ཁྱུ་ཡི་གྲངས་འབོར་དུས་མཉམ་ལས9.8%འཕར་ཡོད་པ་རེད། བརྟག་དཔྱད་ཀྱི་གྲུབ་འབྲས་གསར་ཤོས་དང་འབྲེལ་ཏེ་མཚོ་སྔོན་གྱིས་དུས་ཐོག་ཏུ་ཞིང་ཆེན་རིམ་པའི་བྱ་རིགས་མིང་གཞུང་གསར་བརྗེས་བྱས། མིག་སྔར་ཞིང་ཆེན་ཡོངས་སུ་བྱ་རིགས་སྣ་ཁ541ལ་བསླེབས་ཡོད་ཅིང་། དེ་ནི2024ལོ་དང་བསྡུར་ན་བྱ་རིགས་གསར་པ9འཕེལ་ཡོད་པ་དང་། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་བྱ་རིགས27དང་རིམ་པ་གཉིས་པའི་སྲུང་སྐྱོང་བྱ་རིགས89འདུ་བ་རེད།