མཚོ་སྔོན་ཐེངས་དང་པོར་རྒྱལ་སྤྱིའི་སྤུས་ལེགས་འཛད་སྤྱོད་དངོས་མང་འགྲེམ་ཚོགས་སྟེང་ཞུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ9པའི་ཚེས9ཉིན་ནས་ཚེས13ཉིན་བར། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་རྩ་འཛུགས་བྱས་པའི་ཉོ་ཚོང་འཐུས་ཚབ་ཚོགས་པ་ཨའོ་མོན་དུ་ཕྱིན་ནས། ཀྲུང་གོ་ཨའོ་མོན་རྒྱལ་སྤྱིའི་སྤུས་ལེགས་འཛད་སྤྱོད་དངོས་མང་འགྲེམ་ཚོགས་སུ་ཞུགས་ཤིང་། དེ་དང་ལྷན་དུ་མཚོ་སྔོན་དང་ཨའོ་མོན་ཉོ་ཚོང་མཉམ་ལས་དང་མཚོ་སྔོན་གྱི་ཁེ་ལས་ཕྱི་རྒྱལ་དུ་བསྐྱོད་པའི་ཆེད་དོན་འོས་སྦྱོར་བྱེད་སྒོ་རུ་ཞུགས།

སྐབས་འདིའི་དངོས་མང་འགྲེམ་ཚོགས་ཀྱིས་འགྲེམ་སྟོན་གཅིག་དང་ས་གནས་ཀྱི་རྣམ་པ་སྤྱད་དེ། ཧིན་ཆིན་དང་ཨའོ་མོན་ཝེ་ཉི་སི་མི་ཅིན་ཀོང་འགྲེམ་སྟོན་ཁང་གཉིས་ཀྱིས་མཉམ་དུ་སྤེལ་ཞིང་། དེ་རུ་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་མཚོ་ཁུགས་དང་། ཕུའུ་ཐོ་ཡའི་སྐད་རྒྱལ་ཁབ་ཀྱི་ཉོ་སྡུད་ཚོང་བ། ཚོང་ལས་མཐུན་ཚོགས་དང་རྒྱལ་ཁོངས་བརྒལ་བའི་ཉོ་ཚོང་ལས་ཁུངས་འདུས་ཡོད་ལ། ཕུའུ་ཐོ་ཡའི་སྐད་རྒྱལ་ཁབ་ཀྱི་འཛད་སྤྱོད་ཁྲོམ་ར་སྦྲེལ་བའི་སྒེའུ་ཁུང་གལ་ཆེན་ཞིག་རེད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་འགྲེམ་ཚོགས་ཀྱི་གོ་སྐབས་དམ་བཟུང་བྱས་ནས། ཞིང་ཆེན་ནང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་། ཀྲུང་ལུགས་བོད་གསོ་སྨན་རྫས་ཀྱི་བདེ་ཐང་ཐོན་རྫས། གཟུགས་འདས་ཤུལ་བཞག་རིག་དངོས་སོགས་ཀྱི་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཁེ་ལས18རྩ་འཛུགས་བྱས་ཏེ་འགྲེམ་ཚོགས་སུ་ཞུགས་པ་དང་། ལྷན་དུ་རྨིད་གྲུ་བཞི་མ150ཡོད་པའི་མཚོ་སྔོན་ཁྱད་ལྡན་འགྲེམ་སྟོན་ཁང་བསྐྲུན་ཏེ། གཅིག་བསྡུས་སྒོས་རབ་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་ནུས་སྤྲོད་དང་ཁྱད་ལྡན་ཐོན་ལས་འབྲས་བུ་འགྲེམ་སྟོན་བྱས།

འགྲེམ་སྟོན་གྱི་སྐབས་སུ། མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་སྣེ་མང་པོ་ནས་ཤུགས་བསྡོས་ཤིང་། ཐབས་མང་པོ་མཉམ་སྤེལ་བྱས་ནས། ཐོན་རྫས་འགྲེམ་སྟོན་དང་། སྤུས་རྟགས་འོས་སྦྱོར། ཉོ་ཚོང་སྦྲེལ་མཐུད་བཅས་ཕྱོགས་ཡོངས་ནས་ཐོལ་བརྒལ་བྱེད་པ་མངོན་འགྱུར་བྱུང་། ཡུལ་དངོས་ཀྱི་འགྲེམ་སྟེགས་སུ། སྐམས་ཤ་དང་། སྐྱེ་ལྡན་འཕང་འབྲས། དབྱར་རྩྭ་དགུན་འབུ། མཐོ་སྒང་འཁྱག་ཚལ། རང་བྱུང་ཀྲུང་ལུགས་བོད་ཀྱི་གསོ་བ་རིག་པའི་ཁམས་གསོའི་ཐོན་རྫས། གདོད་མའི་གཟུགས་འདས་ཤུལ་བཞག་རིག་དངོས་སོགས་ཁྱད་ལྡན་འགྲེམ་རྫས་ཀྱིས་ལྗང་མདོག་སྐྱེ་ཁམས་དང་། རང་བྱུང་སྤུས་ལེགས། ཁྱད་ལྡན་མངོན་གསལ་གྱི་ཐུན་མིན་དགེ་མཚན་ལ་བརྟེན་ནས། མྱུར་མོར་ཨའོ་མོན་ས་གནས་ཀྱི་ཚོང་བ་དང་། མཚོ་ཁུགས་ཀྱི་ཚོང་འགྲུལ། ཕུའུ་ཐོ་ཡའི་སྐད་རྒྱལ་ཁབ་ཀྱི་ཉོ་སྡུད་ཚོང་བ་མང་པོ་བཀུག་ཅིང་། ཁོ་ཚོས་དངོས་སུ་ལྟ་ཞིབ་དང་། འདྲི་རྩད་སྤུས་བརྟག་བྱས་པས། རྒྱལ་ཁབ་ཕྱི་ནང་གི་ཚོང་བའི་དགའ་མོས་དང་ངོས་འཛིན་ཚད་མཐོ་ཐོབ་ཅིང་། འགྲེམ་ཚོགས་ཀྱི་ཁྱད་ཆོས་རབ་ཏུ་ལྡན་པའི་འགྲེམ་ཁུལ་འབུར་ཐོན་དུ་གྱུར།

ཟླ9པའི་ཚེས12ཉིན། མཚོ་སྔོན་དང་ཨའོ་མོན་མཉམ་ལས་དང་མཚོ་སྔོན་གྱི་ཁེ་ལས་ཕྱི་རྒྱལ་དུ་བསྐྱོད་པའི་ཆེད་དོན་འོས་སྦྱོར་ཚོགས་འདུ་སྤེལ་བ་དེ། བརྒྱུད་རིམ་ཚགས་དམ་ཞིང་། དངོས་ཟོང་མོད་པོ་ཡིན་ལ། ཕན་་འབྲས་མངོན་གསལ་རེད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་ཁུར་བས་མཚོ་སྔོན་ཁྱད་ལྡན་ཐོན་ལས་གཞིར་བཟུང་ནས། ཞིབ་ཕྲའི་སྒོ་ནས་རང་ཞིང་ཆེན་གྱི་ཐོན་ལས་འཛུགས་སྐྲུན་ཐད་ཀྱི་འཕེལ་རྒྱས་གྲུབ་འབྲས་དང་། སྤུས་ལེགས་ཐོན་རྫས་ཀྱི་སྲོག་ཤིང་དགེ་མཚན་ངོ་སྤྲོད་བྱས་ཤིང་། མཚོ་སྔོན་གྱི་ཕྱི་ཕྱོགས་སྒོ་འབྱེད་དང་། ཉོ་ཚོང་མཉམ་ལས། ཁེ་ལས་ཕྱི་རྒྱལ་དུ་བསྐྱོད་པ་སོགས་ཀྱི་མཉམ་ལས་དགོས་མཁོ་དང་། ཕན་ཐོགས་སྲིད་ཇུས་འགྲེལ་བརྗོད་བྱས་ཏེ། ཁེ་ལས་མཉམ་ལས་ལ་ཕན་འབྲས་མཐོ་བའི་འབྲེལ་འདྲིས་སྟེགས་བུ་བསྐྲུན། མཚོ་སྔོན་གྱི་ཚོགས་ཞུགས་ཁེ་ལས་ཀྱིས་ནན་ཀོང་སྡེ་ཚོགས་དང་། ནན་ཡོའེ་སྡེ་ཚོགས། ཨའོ་མོན་ཉོ་ཚོང་ལས་ཁུངས་ཀྱི་འཐུས་མི་དང་ངོ་ཐུག་གདོང་འཕྲད་ཀྱིས་བསམ་ཚུལ་བརྗེ་རེས་བྱས་ཤིང་། ཁྱད་ལྡན་ཐོན་རྫས་རྒྱལ་ཁོངས་བརྒལ་བ་དང་། ཕྱི་རྒྱལ་གྱི་བཀྲམ་ཚོང་ཐབས་ལམ་བསྐྲུན་པ། སྤུས་རྟགས་རྒྱལ་སྤྱི་ཅན་གྱི་ཁྱབ་སྤེལ། ཉོ་ཚོང་ཐོན་ཁུངས་ཡུན་ཕན་མཉམ་ལས་སོགས་སྲོག་ཤིང་ཁྱབ་ཁོངས་གཞི་བཟུང་ནས། གནད་ལ་ཁེལ་བའི་སྒོ་ནས་ཚོང་ལས་གླེང་ཞིང་། ཕན་ཚུན་གྱི་སྦྲེལ་མཐུད་ཟབ་མོར་སྦྲེལ་བས། ཡུལ་དངོས་ཀྱི་རྣམ་པ་སྤྲོ་བས་བརྟས་ལ། ངོ་འཕྲད་ཚོང་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།