ཏིན་ཞུའེ་ཞང་སྐབས་བཅུ་དྲུག་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནུས་ཁུངས་པུའུ་ཀྲང་གྲོས་ཚོགས་ཀྱི་མག་ོརྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཟླ9པའི་ཚེས10ཉིན། སྐབས་བཅུ་དྲུག་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནུས་ཁུངས་པུའུ་ཀྲང་གྲོས་ཚོགས་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གྲོས་ཚོགས་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་དྲུག་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནུས་ཁུངས་པུའུ་ཀྲང་གྲོས་ཚོགས་ཟླ9པའི་ཚེས10ཉིན་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གྲོས་ཚོགས་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

ཏིན་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི“གསར་བརྗེ་བཞི་དང་མཉམ་ལས་གཅིག”གི་ནུས་རྒྱུ་བདེ་འཇགས་ཀྱི་འཐབ་ཇུས་གསར་པའི་མཛུབ་ཁྲིད་འོག ཀྲུང་གོའི་ནུས་རྒྱུ་མཁོ་སྤྲོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། ནུས་རྒྱུ་གསར་པའི་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ལ། ནུས་རྒྱུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་གི་ནུས་རྒྱུའི་དངོས་སྒྲུབ་མཉམ་ལས་ནང་གཏིང་ཟབ་སྒོས་ཞུགས་ནས། ས་ཁོངས་ཀྱི་ནུས་རྒྱུའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏངསྟེ། གོ་ལ་ཧྲིལ་པོའི་ནུས་རྒྱུའི་བདེ་འཇགས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། 

ཏིན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ནུས་རྒྱུའི་ཁྲོམ་ར་བརྟན་པོ་ཡོང་བའི་སྲུང་སྐྱོང་བྱེད་མཁན་དང་། གོ་ལ་ཧྲིལ་པོའི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གྱི་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་ནུས་རྒྱུའི་མཉམ་ལས་ཀྱི་དོན་དངོས་སྒྲུབ་མཁན་བཅས་བྱས་ནས། ཕྱོགས་སོ་སོ་དང་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་ནུས་རྒྱུའི་བདེ་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཁོང་གིས་གྲོས་གཞི་གསུམ་བཏོན་པ་སྟེ། གཅིག་ནི་ཀུན་ཕན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་དགོས། གཉིས་ནི་གསར་གཏོད་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། གསུམ་ནི་མཐུན་སྦྱོར་མཉམ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། 

ད་ཐེངས་ཀྱི་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“ཀུན་ཕན་དང་། གསར་གཏོད། མཐུན་སྦྱོར་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ནུས་རྒྱུའི་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱེད་པ”ཞེས་པ་དེ་ཡིན་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་དངོས་ཚན་གྱི་ནུས་རྒྱུའི་པུའུ་ཀྲང་ངམ་ཡང་ན་འཐུས་མི་དང་འབྲེལ་ཡོད་རྒྱལ་སྤྱི་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་སོགས་མི300ལྷག་མགོ་རྩོམ་མཛད་སྒོར་ཞུགས་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།