“3R”ཐོན་ལས་དམིགས་སུ་བཟུང་སྟེ་འབབ་འཕར་གྱི་ལྗོངས་རིས་བཞེངས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

“ཡུལ་ཤུལ་ནོར་ནག”འབྲི་སྟོད་མྱོང་རོལ་ཁང་། 

 ནོར་ཁུལ་གསེད་བཞིན་པ།

འཁོར་ཁང་དུ་ནོར་ཁུལ་གྱི་ཉལ་ཐུལ་བཟོ་བ།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9ཚེས13ཉིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཐོན་ལས་གླིང་ཁུལ་གྱི“ཡུལ་ཤུལ་ནོར་ནག”འབྲི་སྟོད་མྱོང་རོལ་ཁང་དུ་བསྐྱོད་པ་ན། ཕྱིར་འཚོང་སྤྱི་གཉེར་བ་ཀརྨ་ཡིས་སྒྲོམ་སྟེགས་སྟེང་གི་ནོར་ཁུལ་ལས་བཟོས་པའི་ཕྲག་ཁེབས་ལྟེབས་ཀྱིན་འདུག སྒྲོམ་སྟེགས་སུ་ད་དུང་འབྲོ་མའི་འོ་སྐམ་དང་། འབྲི་མོའི་ཁོ་ཧྥེ་སོགས་ཁྱད་ལྡན་ཐོན་རྫས་བཤམས་ཡོད་ཅིང་། གྲུ་ཟུར་དུ་བཞག་པའི་འཁྱག་སྒམ་ནང་དུ་དུམ་བུར་བགོས་པའི་སྐམས་ཤའི་ཐོན་རྫས་བཞག་ཡོད་པ་རེད། དེ་དང་ཆབས་ཅིག མྱོང་རོལ་ཁང་དེའི་ལྟག་རྒྱབ་ཀྱི་བཟོ་སྣོན་འཁོར་ཁང་དུ། བཟོ་པས་ཁུལ་རྩི་གསེད་བཞིན་འདུག།

  ཡུལ་ཤུལ་ལ“ཀྲུང་གོའི་ནོར་ནག་གྲོང”ཞེས་པའི་མཚན་སྙན་ཡོད། ཡུལ་དེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཐུན་མིན་གྱི་ཐོན་ཁུངས་དགེ་མཚན་ལ་གཞི་ཚུགས་ཏེ། ཡུལ་ཤུལ་སྐམས་ཤ་དང་། ཡུལ་ཤུལ་འབྲི་འོ། ཡུལ་ཤུལ་ནོར་ཁུལ་བཅས་གཙོ་བྱས་པའི“3R”ཡི་ཐོན་ལས་ཤུགས་ཀྱིས་གོང་དུ་སྤེལ་བཞིན་ཡོད་ཅིང་།“ཁེ་ལས+མཉམ་ལས་ཁང་།+ཡུལ་དེའི་འབྲོག་པ”བཅས་མཉམ་འབྲེལ་གྱི་ཐོན་ལས་ཅན་འགྱུར་གྱི་གཉེར་སྐྱོང་བྱེད་སྟངས་བེད་སྤྱད་དེ། ཤ་དང་འོ་མ། ཁུ་ལུ་བཅས་ཁག་ཆེན་པོ་གསུམ་སྙིང་བོར་བཟུང་སྟེ། སྐམས་ཤ་དང་། འོ་བཟོས་ཐོན་རྫས། ཁུལ་འཐག་ཐོན་རྫས་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་རབ་དང་རིམ་པ་གསར་སྤེལ་བྱས་ནས་ཐོན་རྫས་མཁོ་སྤྲོད་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་།
  ཀརྨ་ཡིས་ངོ་སྤྲོད་ལྟར་ན།“3R”ཐོན་ལས་མཉམ་འགུལ་གྱི་འཕེལ་རྒྱས་བརྒྱུད་དེ་ཡུལ་དེའི་མང་ཚོགས་ལ་ལས་ཞུགས་གཏན་འཇགས་ཤིག་དང་ཡོང་འབབ་ཟམ་མི་ཆད་པར་འཕར་སྣོན་ཡོང་བའི་ཐད་སྐུལ་ཁྲིད་བྱས་ཤིང་། ལས་ཞུགས་ལས་གནས183མཁོ་འདོན་བྱས་ནས་ཞིང་འབྲེལ་ཞིང་ཁྲིད་ལ་ཕན་འབྲས་ཐོབ་ཡོད་ཟེར། ད་སྔ“ཡུལ་ཤུལ་ནོར་ནག”མྱོང་རོལ་ཁང་གིས་ཡུལ་ཤུལ་གྲོང་ཁྱེར་དང་། ཟི་ལིང་གྲོང་ཁྱེར། ལྷ་ས་གྲོང་ཁྱེར་བཅས་སུ་ཡན་ལག་ཁང་བཙུགས་ཡོད་པར་མ་ཟད།  ཡུལ་ཤུལ་དང་ཟི་ལིང་། པེ་ཅིན་སོགས་ཀྱི་གནམ་གྲུ་ཐང་དུ་མྱོང་རོལ་ཁང་བཙུགས་ཡོད་ཟེར།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།