ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལིར་མཇལ་འཕྲད་གནང་།

ཡོང་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན།

ས་དེའི་དུས་ཚོད་ཟླ9པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱ་གར་རྡི་ལི་གསར་བ་རུ་གསེར་ལྡན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཕྲད་ཐེངས་བཅོ་བརྒྱད་པར་ཞུགས་པའི་བར་སྐབས་སུ་རྒྱ་གར་གྱི་ཙུང་ལི་མོ་ཏི་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ལྷག་བསམ་ཟོལ་མེད་ངང་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་སྟེ། ཀྲུང་གོ་དང་རྒྱ་གར་གྱིས་གྲོགས་པོ་བསྒྲིག་རྒྱུའི་ཐད་ཐུན་མོང་ངོས་འཛིན་གལ་ཆེན་གྲུབ།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ལ་བསམས་ནས་ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བར་ངོས་འཛིན་དང་འཕེལ་རྒྱས་གཏོང་བཞིན་ཡོད། ཉེ་བའི་ལོ་གཉིས་རིང་། ངས་ཙུང་ལི་མོ་ཏི་དང་ཐུག་འཕྲད་ཐེངས་གཉིས་བྱས་ནས། ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བ་དེ་སླར་ཡང་འགོ་འཛུགས་པ་ནས་ཡང་བསྐྱར་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱས། རྒྱལ་ཁབ་གཉིས་ཀྱི་རྐྱེན་སྲོལ་རང་བཞིན་གྱི་འགྲོ་འོང་རིམ་བཞིན་སླར་གསོ་བྱུང་བ་དང་། མཉམ་ལས་ཀྱི་ཞིབ་ཐོ་རྒྱུན་ཆད་མེད་པར་ཇེ་རིང་དུ་གྱུར་ནས། ཕྱོགས་གཉིས་ཀྱི་ཉོ་ཚོང་ཚད་ཀྱིས་ཡང་བསྐྱར་ཟིན་ཐོ་གསར་པ་བསྐྲུན། རྣམ་པ་འདི་ནི་ལས་སླ་པོར་བྱུང་བ་ཞིག་མིན་པས་གཅེས་སྤྲས་བྱེད་འོས། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་གནས་ཚུལ་མི་འདྲ་བས། ཕན་ཚུན་དགེ་ལེན་སྐྱོན་སེལ་དང་། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་ཆར་བ་ཆུ་གྲོགས། ཐུན་མོང་འཕེལ་རྒྱས་ཡོང་བ་བཅས་བྱེད་ཆོག་ཆོག་ཡིན། འགྱུར་ལྡོག་དང་རྙོག་དྲ་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་རྒྱ་གར་ནི་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་དང་འཛམ་གླིང་ལྷོ་ཕྱོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་གལ་ཆེན་ཡིན་པའི་ཆ་ནས། འགན་འཁྲི་གལ་ཆེན་འཁུར་ཡོད། ཕྱོགས་གཉིས་ཀྱིས་མིའི་རིགས་ཀྱི་མདུན་ལམ་དང་མི་དམངས་ཀྱི་བདེ་སྐྱིད་སེམས་སུ་བཅངས་ཏེ། ལག་གདང་སྦྲེལ་ནས་གསེར་ལྡན་ཆེན་མོའི་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་གམསྐུལ་འདེད་གཏོང་ཆེད་དྲང་ནུས་སྔར་ལས་མང་བ་མཁོ་འདོན་བྱེད་དགོས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་དགོངས་ཚུལ4གནང་། གཅིག་ནས་ཕྱི་རོལ་ཡུལ་དང་མཐུན་པའི་རྗེས་དཔག་གི་འཐབ་ཇུས་ངོས་འཛིན་ལ་བརྟེན་ནས་ཁ་ཕྱོགས་ཡང་དག་འཛིན་དགོས། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ནི་མཉམ་ལས་གྲོགས་པོ་ཡིན་པ་ལས་ཁ་གཏད་ལངས་པའི་དགྲ་ཡ་མིན་ལ། ཕན་ཚུན་འཕེལ་རྒྱས་ཀྱི་གོ་སྐབས་ཡིན་པ་ལས་འཇིགས་སྐུལ་མིན། འདི་ནི་རྒྱལ་ཁབ་གཉིས་ད་ལྟ་གནས་སའི་འཕེལ་རྒྱས་ཀྱི་དུས་མཚམས་དང་རྒྱལ་སྤྱིའི་ཁོར་ཡུག་ལ་གཞིགས་ནས་བཅད་པའི་འཐབ་ཇུས་རང་བཞིན་གྱི་བརྡར་གཅོད་ཡིན་ལ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན། གཉིས་ནས་མཉམ་ལས་མཉམ་རྒྱལ་གྱི་འདུ་ཤེས་ཐོག་ནས་ཕན་ཚུན་ཆར་བ་ཆུ་གྲོགས་བྱེད་དགོས། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཞེས་པའི་མཐུན་ཆ་ཆེ་ཤོས་འདིར་དམིགས་ནས་མཛའ་མཐུན་འགྲོ་འོང་དང་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་དགོས། མི་ཚུལ་དང་ཐད་གཏོང་གནམ་གྲུ་སོགས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་འདོད་ཀྱི་རྨང་གཞི་ནུས་ལྡན་སྒོས་ལེགས་བཅོས་བྱེད་དགོས། ཕན་ཚུན་བར་གྱི་དཔལ་འབྱོར་ཚོང་དོན་ཐད་ཀྱི་དོ་ཁུར་དོ་སྙོམས་ངང་ཐག་གཅོད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་བསམ་ཤེས་བྱེད་པའི་ཆབ་སྲིད་ཀྱི་བློ་གྲོས་ལ་བརྟེན་ནས་འགལ་རྐྱེན་སེལ་བ་དང་། ཕྱོགས་གཉིས་བར་གྱི་འབྲེལ་བ་དང་མཐའ་མཚམས་ཀྱི་གནད་དོན་གཉིས་མཉམ་དུ་ཐག་གཅོད་དང་ཕན་ཚུན་སྐུལ་འདེད་གཏོང་རྒྱུར་གཞོལ་ནས། མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས། བཞི་ནས་སྒོ་འབྱེད་བསྟུན་མཁས་ཀྱི་ཕྱོགས་མང་མཉམ་ལས་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་རོགས་སྐྱོར་བྱེད་དགོས། གསེར་ལྡན་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུའི་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་རེས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཀྱི་ཕྱོགས་མང་སྒྲོམ་གཞིའི་ནང་མཉམ་ལས་བྱེད་ཤུགས་ཇེ་ཆེ་རུ་བཏང་ནས། ཕྱར་བ་གྲུ་འདེགས་ཀྱིས་འཛམ་གླིང་རང་བཞིན་གྱི་དཀའ་ངལ་ཐག་གཅོད་དང་ལངས་ཕྱོགས་གསལ་བའི་སྒོ་ནས་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་དགོས།

མོ་ཏི་ཡིས་བསྟན་དོན། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཀྱིས་ཕན་འབྲས་ལྡན་པའི་ཐུག་འཕྲད་ཐེངས་མང་བྱས་ནས། རྒྱ་གར་དང་ཀྲུང་གོ་བར་གྱི་འབྲེལ་བ་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱས། འདི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཐེར་འབུམ་གཉིས་དང་དུང་ཕྱུར་བརྒྱད་ལྷག་ཡོད་པའི་ཐུན་མོང་གི་ཁེ་ཕན་དང་མཐུན། རྒྱ་གར་དང་ཀྲུང་གོ་ཡི་ཤེས་དཔལ་ཆེན་པོ་གཉིས་ལོ་ངོ་སྟོང་ཕྲག་འགའི་རིང་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱས་ཤིང་། ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་པ་ཡིན། རྒྱ་གར་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ལ་བསམས་ནས་རྒྱ་གར་དང་ཀྲུང་གོ་བར་གྱི་འབྲེལ་བར་ངོས་འཛིན་བྱེད་བཞིན་ཡོད་ལ། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་དང་གྲོགས་པོ་བྱེད་འདོད་པ་ལས་དགྲ་ཡ་བྱེད་མི་འདོད་ཅིང་། ཕན་ཚུན་གོ་སྐབས་སུ་བརྩི་བ་ལས་འགྲན་སློང་དུ་བརྩི་འདོད་མེད། རྒྱ་གར་ཕྱོགས་ཀྱིས་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ། ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཕྱོགས་གསུམ་པའི་ཤུགས་རྐྱེན་ཐེབས་མི་སྲིད། ཐའེ་ཝན་དང་བོད་འབྲེལ་གནད་དོན་ཐད། རྒྱ་གར་ཕྱོགས་ཀྱི་སྲིད་ཇུས་དང་ལངས་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་ལ། སུས་ཀྱང་རྒྱ་གར་དུ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྒོ་ཅི་ཡང་སྤེལ་མི་ཆོག རྒྱ་གར་ཕྱོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་ཚུལ་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་ཞི་བདེར་སྲུང་སྐྱོང་བྱེད་དགོས། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོས་རྒྱ་གར་གྱིས་གསེར་ལྡན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཕྲད་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ་ལ། ཀྲུང་གོས་སང་ལོར་གསེར་ལྡན་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ནས། འཛམ་གླིང་ལྷོ་ཕྱོགས་མཉམ་ལས་ལ་ཤུགས་སྣོན་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་བཏང་སྟེ། ཟིང་ཆ་ཆེ་བའི་འཛམ་གླིང་གི་བརྟན་ལྷིང་དང་ཡར་ཐོན་གྱི་སྟོབས་ཤུགས་བྱེད་འདོད་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།