
ལས་ཀར་བྲེལ་བཞིན་པའི་བསོད་ནམས་བདེ་སྐྱིད།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9ཚེས8ཉིན། མཐོ་སྒང་གི་སྟོན་ཀའི་ཉི་ཟེར་ཤེལ་སྒོ་བརྟོལ་ཏེ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ཡུལ་ཤུལ་སྣང་གསལ་ཚོང་ལས་ཉོ་ཚོང་ཚད་ཡོད་ཀུང་སིའི་བོད་ཀྱི་ལག་ཤེས་འདག་རྫས་བཟོ་ཁང་དུ་འཕྲོས་འདུག
90ལོ་རྗེས་ཀྱི་གཞོན་ནུ་བསོད་ནམས་བདེ་སྐྱིད་ཀྱིས་པང་ཁེབས་བཅིངས་ཏེ་ལས་སྟེགས་སུ་ལས་ཀར་བྲེལ་བཞིན་ཡོད། མོས་བཞུས་པའི་མར་ཁུ་དལ་གྱིས་འབྲི་འོ་ཡི་ནང་དུ་བླུགས་འཕྲལ། ཤེལ་ཐུར་གྱིས་ཡན་གྱིས་དཀྲུགས་པ་ན། ཝུ་བ་སེར་པོ་སྣོད་ཁར་གཡེང་བྱུང་ལ། མཁའ་དབུགས་ཁྲོད་དུ་མར་དྲི་དང་བོད་སྦྲང་འདྲེས་མའི་དྲི་ངད་ཞིམ་པོ་ཞིག་ལྡང་ཡོང་། གམ་དུ་ནང་ཆེན་ཚྭ་དམར་ཞིབ་འཐག་བྱས་པའི་ཚྭ་ཕྱེ་དང་། རླུང་སྐམ་གྱི་མེ་ཏོག་འདབ་མ། མཐོ་སྒང་གི་སྦྲང་རྩི་བཅས་སྡེར་ཆུང་ཞིག་ཏུ་བཞག་ཡོད་ལ། ཡུལ་ཤུལ་རྩྭ་ཐང་དང་། ཚྭ་མཚོ། མེ་ཏོག་གི་དུས་ཚིགས་བཅས་ལག་ཤེས་འདག་རྫས་ཆུང་ཆུང་འདིར་བསྡུ་བ་དང་འདྲ།
ཁོས་དྲོད་ཚད་འཇལ་ཆས་ལ་ཅེར་ནས་འདི་སྐད། “དྲོད་ཚད་ཧ་ཅང་མཐོ་མི་རུང་། མར་ཞུ་དྲགས་ན་འཚོ་བཅུད་བརླག་འགྲོ་བ་ཡིན”ཞེས་འཇམ་སྙན་ངག་གིས་དེ་ལྟར་སྨྲས་བྱུང་། བཤེར་ཁུ་བསྲེས་མའི་དྲོད་ཚད་ཚད་དང་རན་པ་བསླེབས་དུས་མོས་ཚྭ་དམར་གྱི་ཚྭ་ཕྱེ་ནང་དུ་བཏབ་པ་དང་། དེ་ནས་དལ་གྱིས་དཀྲུགས་རྗེས་ལུགས་ཆས་སུ་བླུགས་བྱུང་། ལུགས་ཆས་ལས་བླངས་པའི་འདག་རྫས་ཀྱི་ངོས་ཧ་ཅང་འཇམ་ལ། མེ་ཏོག་གི་འདབ་མ་འབུར་དོད་དུ་མངོན་པས་མཐོ་སྒང་གི་སྟོན་མདངས་ཉར་བའི་འདབ་མ་ཞིག་དང་ཀུན་ནས་མཚུངས།
ན་གཞོན་མང་པོ་ཞིག་གྲོང་ཁྱེར་དུ་འགྲིམས་ཏེ་རང་གི་ཕུགས་འདུན་འཚོལ་བར་བྲེལ་བའི་དེང་གི་དུས་འདིར། བསོད་ནམས་བདེ་སྐྱིད་ཀྱིས་དེ་ལས་ལྡོག་པའི་ལམ་གཞན་ཞིག་བདམས། མོ་ནི་ཆུང་དུས་ནས་འབྲོག་ས་ནས་ནར་སོན་པས་ཕ་ཡུལ་གྱི་རང་བྱུང་གི་དངོས་པོ་དང་འཚོ་བའི་ཉམས་འགྱུར་ལ་ཧ་ཅང་ཆ་རྒྱུས་ཡོད། སློབ་ཆེན་དུ་སློབ་གཉེར་བྱེད་པའི་སྐབས་སུ་མོས་རྣམ་ཀུན་རེ་བ་ཕ་ཡུལ་ཕྱོགས་ལ་བཅངས་ཤིང་། ཁ་ཁུ་སིམ་མེར་ཤེས་བྱའི་བཅུད་ལེན་དང་ལག་ལེན་ཉམས་མྱོང་མང་པོ་བསགས། མཐར་ཕྱིན་རྗེས་མོ་སྔར་བཞིན་ཕ་ཡུལ་འབའ་ཐང་དུ་ལོག་སྟེ། རང་གིས་སྦྱངས་པའི་ཡོན་ཏན་ལ་བརྟེན་ནས་ས་གནས་རང་གི་ཐོན་ཁུངས་ཀྱི་རིན་ཐང་སྔོག་འདོན་ལ་གཞོལ་ནས་མཐོ་སྒང་གི་སྤུས་ལེགས་དངོས་རྫས་ཕྱིར་བསྐྱོད་དུ་བཅུག་པས། མི་སྔར་ལས་མང་པོ་ཞིག་གིས་ལྷད་མེད་ཐོན་རྫས་ལ་ཤེས་རྟོགས་ཆེན་པོ་བྱུང་།
ངས་སྔོན་ཞིག་ནས་མཐོ་སྒང་བུད་མེད་ཀྱི་རྒྱུད་ན་ཉར་བའི་མི་རབས་ནས་མི་རབས་སུ་བརྒྱུད་པའི་འཚོ་བའི་བློ་གྲོས་ཤིག་མཐོང་ན་ཡང་། གཞན་གྱིས་ཧ་ཅང་ཤེས་དཀའ། དེ་བས་ངས་རང་གིས་ཕྱི་རོལ་ཏུ་སྦྱངས་མྱོང་བའི་ཤེས་བྱ་དེ་དག་ལ་བརྟེན་ནས་ཕ་ཡུལ་ལ་དོན་དག་ཅིག་བསྒྲུབ་ཐུབ་ན་ཅི་མ་རུང་བསམ་བྱུང་ཞེས་བསོད་ནམས་བདེ་སྐྱིད་ཀྱིས་དེ་ལྟར་བཤད།
བསམ་བློ་དེ་འདྲ་ཞིག་གི་འཁྱེར་སོ་ལ་བརྟེན་ནས་ཡུལ་ཤུལ་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ལ་གཞི་བཅོལ་ཏེ། མོས་རང་ཡུལ་དུ་ཁྲུད་ཆས་ཚོང་རྟགས་ཤིག་གསར་དུ་བཏོད་ནས་ཡུལ་ཤུལ་སྣང་གསལ་ཚོང་ལས་ཚད་ཡོད་ཀུང་སི་གཉེར་བ་རེད། མོས་རང་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་སྔོག་འདོན་གང་ལེགས་བྱས་པ་སྟེ། མར་དང་འབྲི་འོ། ནང་ཆེན་གྱི་ཚྭ་དམར། མཐོ་སྒང་གི་སྦྲང་རྩི་སོགས་མ་བཅོས་རྒྱུ་ཆར་བརྟེན་ནས་རང་བྱུང་གི་རྫས་དག་མ་དང་། ལག་ཤེས་བཟོ་ལས་གཉིས་རྒྱུན་འཁྱོངས་བྱས་ཐོག ལག་ཤེས་འདག་རྫས་རབ་དང་རིམ་པ་སྣ་མ་སྣ་ཚོགས་ཤིག་བཟོས། ཐོན་རྫས་རེ་རེ་ནི་མཐོ་སྒང་གི་ལྷད་མེད་རང་བྱུང་གི་ཁོར་ཡུག་དེ་གར་བླངས་ཏེ་ས་གནས་རང་གི་ཁྱད་ཆོས་ཉེར་ལེན་བྱས་ཡོད་པས། བཀོལ་སྤྱོད་རང་བཞིན་དང་ས་གནས་ཀྱི་ཁྱད་ཆོས་མ་ཡལ་བའི་རིན་ཐང་ལྡན།
ལས་སྒྲུབ་ཁང་དུ། འདག་རྫས་རེ་རེ་རྒྱ་ཚད་འཇལ་བ་དང་། དྲོད་ཚད་སྙོམ་སྒྲིག དཀྲུགས་པ། ལུགས་ཆས་སུ་བླུགས་པ། གཏུབ་པ། བསིལ་སྐམ་སོགས་ལས་རིམ་བརྒྱུད་དགོས། བསོད་ནམས་བདེ་སྐྱིད་ཀྱིས་སྦྱོར་རྟའི་ཟིན་དེབ་སྟེང་དུ་སྡེབ་སྦྱོར་ཚོད་ལྟའི་ཉམས་མྱོང་བྲིས་འདུག་སྟེ། “ཚྭ་དམར་འཐག་ཞིབ་ཀྱི་ཚད200མུའུ་ཡན་ལ་བསླེབས་ན། འདག་རྫས་འཇམ་པོ་བཟོ་ཐུབ།” “སྦྲང་རྩི་དྲོ་ས་ནས་ཆུ་ཚོད12ལ་བཞག་ན་འདག་རྫས་ཀྱི་སྤུས་ཀ་ཧ་ཅང་ལེགས”ཞེས་བྲིས་ཡོད། མོས་བཤད་རྒྱུར། ལག་ཤེས་འདག་རྫས་འཚབ་འཚུབ་ཀྱིས་བཟོ་མི་རུང་། དཔེར་ན་ལས་གཏོད་དང་འདྲ་བར་སེམས་རྣལ་ལ་ཕབ་ནས་རིམ་གྱིས་རིམ་གྱིས་འགྲུབ་དགོས་པ་ཞིག་ཡིན་ཟེར།
ལས་གཏོད་ཀྱི་ལམ་དུ། བསོད་ནམས་བདེ་སྐྱིད་ཀྱིས་ཐོག་མའི་སེམས་འདུན་ཡིད་ལ་ཉར་ཏེ། མི་སྒེར་གྱི་བྱ་གཞག་འཚོལ་སྙེག་བྱེད་ཀྱི་ཡོད་པར་མ་ཟད། ཕ་ཡུལ་གྱི་ཡུལ་མི་རྣམས་སེམས་ལ་ཉར་ཡོད། མོས་ལས་གཏོད་ཀྱི་རྣམ་གྲངས་སུ་ཐོག་མར་ཉེ་འཁོར་དུ་ཡོད་པའི་འབྲོག་ཁུལ་གྱི་བུད་མེད་རྣམས་ལས་ཞུགས་ལ་སྐུལ་ཏེ། འབྲོག་ཁུལ་བུད་མེད་ཀྱིས་ཁྱིམ་གྱི་སྒོ་ཁར་གཏན་འཇགས་ཀྱི་ཡོང་འབབ་རེ་དང་། རང་ཉིད་ཀྱི་རིན་ཐང་ངོམ་པའི་གོ་སྐབས་རེ་སྤྲད་ཡོད། ལག་ཤེས་བཟོ་རྩལ་ཟབ་སྦྱོང་བརྒྱུད་འབྲོག་ཁུལ་གྱི་བུད་མེད་མང་པོ་ཞིག་གིས་རང་གི་ལག་ཟུང་ལ་བརྟེན་ནས་ངལ་རྩོལ་གྱི་ཐོབ་ཆ་ལེན་ཞོར་དུ། ཁྱིམ་ཚང་ལ་བདག་སྐྱོང་དང་། འབབ་འཕར་ཕྱུག་འགྱུར་ལ་རམ་འདེགས་བྱེད་ཐུབ་ཀྱི་ཡོད།
ཅོག་ཙེ་རིང་པོའི་འགྲམ་དུ། འབྲོག་ཁུལ་གྱི་འབྲོག་མོ་འགས་ཚྭ་དམར་ཞིབ་འཐག་དང་། འདག་ཁུ་སྣོད་དུ་ལྡུག་པ། ཕྱི་ཐུམ་རྒྱག་པ་སོགས་ལས་ཀའི་གོ་རིམ་མ་འཆོལ་བར་བྱང་ཆ་དོད་པོས་སྒྲུབ་བཞིན་ཡོད། བསོད་ནམས་བདེ་སྐྱིད་ཀྱིས“ང་ལ་མཚོན་ན་ལས་གཏོད་ནི་ཐོན་རྫས་ཙམ་བཟོ་བ་མིན། ངའི་རེ་བ་ནི་ཕ་ཡུལ་གྱི་སྐྱེས་མ་ཚོར་ཁྱིམ་གྱི་ཉེ་ས་ནས་ལས་ཞུགས་ཐུབ་པའི་གོ་སྐབས་ཞིག་བསྐྲུན་རྒྱུ་དེ་ཡིན། ངས་བསམ་ན་ན་གཞོན་ཞིག་གིས་གཞན་ཡུལ་ནས་རང་ཉིད་ཀྱི་རིན་ཐང་ངོམ་དགོས་པའི་ངེས་པ་མ་མཆིས། མིག་མདུན་གྱི་ཕ་ས་ཕ་ཡུལ་ན་དེ་དང་འདྲ་བའི་ལས་རྒྱུ་སྒྲུབ་རྒྱུ་མང་པོ་ཞིག་ཡོད་པ་རེད་ཟེར།
བསོད་ནམས་བདེ་སྐྱིད་ཀྱིས་བལྟས་ཡོང་ན། ན་གཞོན་གྱི་རིན་ཐང་ནི་དར་རྒྱས་ཆེ་བའི་གྲོང་ཁྱེར་ཁོ་ན་ཙམ་ནས་མངོན་དགོས་པ་མ་ཡིན། ཡངས་ཤིང་རྒྱ་ཆེ་བའི་ཕ་ཡུལ་ན་ཡང་དེ་དང་འདྲ་བའི་ལས་སྒྲུབ་ལས་གཏོད་ཀྱི་གཤིན་ས་ཆེན་པོ་ཡོད་ཟེར། མཐོ་སྒང་དུ་རྐང་ཚུགས་ནས་བཟུང་མོས་དུས་དང་རྣམ་པ་ཀུན་ཏུ་ཡ་ཡོ་དང་སྒྱུད་ལུག་མེད་པར་རང་གི་གཤིན་ས་རང་གིས་རྨོས་ཏེ་བློ་གཟུར་བས་འཚོལ་ཞིབ་ལ་གཞོལ་བ་དང་། རང་ས་རང་ཡུལ་གྱི་འཚོ་བའི་ཐབས་ཤེས་རྒྱུད་འཛིན་དང་ས་གནས་རང་གི་ཁྱད་ལྡན་ཐོན་ཁུངས་བཀོལ་སྤྱོད་དང་ཆབས་ཅིག རུ་ཁ་ཁྱིམ་མཚེ་ཡི་མང་ཚོགས་ལ་སྐུལ་ཁྲིད་བྱས་ཏེ་མཉམ་དུ་ཡར་རྒྱས་ལ་བརྩོན་པ་དང་། དངོས་སྒྲུབ་ལ་བརྟེན་ནས་དུས་རབས་གསར་པའི་མཐོ་སྒང་གི་ན་གཞོན་ཞིག་གི་འགན་འཁྲི་དང་ཁག་ཁུར་གསལ་འགྲེལ་བྱས།
ད་ཆ་བསོད་ནམས་བདེ་སྐྱིད་ལྟ་བུའི་ཡུལ་ཤུལ་གྱི་ན་གཞོན་མང་པོ་ཞིག་ཕྱིར་ཕ་ཡུལ་དུ་ལོག་སྟེ་ལས་གཏོད་ལ་གཞོལ་ཞིང་། ཕ་ཡུལ་དུ་གཞི་ཚུགས་ནས་ཕ་ཡུལ་ལ་ལེགས་སྐྱེས་འབུལ་བཞིན་ཡོད། ཁོ་ཚོས་ལང་ཚོ་ཐོང་གཤོལ་དང་ཕ་ཡུལ་གཤིན་ས་རུ་བསྒྱུར་ཏེ་ཁྱད་ལྡན་ཐོན་ལས་ཀྱི་ས་བོན་གཏོར་ཞིང་། ཞིང་གྲོང་དར་སྤེལ་གྱི་ལོ་འདབ་རྒྱས་པར་རམ་འདེགས་དང་། བརྟན་སྲུང་དང་འབད་འབུངས་ལ་བརྟེན་ནས་ཕ་ཡུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཟམ་མི་ཆད་པའི་ལང་ཚོའི་གསོན་ཤུགས་བསྩལ་བཞིན་ཡོད། བསོད་ནམས་བདེ་སྐྱིད་ཀྱིས་ཀྱང་བརྟན་སྲུང་དང་དགའ་ཞེན་ལ་བརྟེན་ནས་མཐོ་སྒང་འཛིན་མའི་གཞི་རུ་ངང་རྒྱུད་འཇམ་ཞིང་བློ་ཚུགས་ཐུབ་པའི་ཡུལ་ཤུལ་བུད་མེད་ཀྱི་རང་གཤིས་དང་སྟོབས་ཤུགས་ལ་ཀུན་གྱི་མིག་མདུན་ངོམ་ཞིང་། ཁས་ལེན་ཐོབ་ནས་རྒྱུད་འཛིན་བྱེད་དུ་བཅུག་ཡོད།
ནུབ་ཁའི་སྨུག་རུམ་ཇེ་མཐུག་ནས་ཇེ་མཐུག་རེད། ལས་སྒྲུབ་ཁང་དུ་གློག་སྒྲོན་སྔར་བཞིན་གསལ། ལུགས་ཆས་ལས་སོ་མ་བླངས་པའི་འདག་རྫས་རེ་རེ་ཚད་དང་རིམ་པར་གཏུབ་རྗེས། གྲལ་འགྲིག་པོས་ངང་བསིལ་སྐམ་གྱི་སྒྲོམ་སྟེགས་སུ་བཀྲམས་པ་ན། དྲི་ངད་ཞིམ་པོ་ཞིག་དེ་མ་ཉིད་གང་སར་ཁྱབ། ལག་ཤེས་ཀྱི་འདག་རྫས་ཆུང་ཆུང་རེ་ཡིས་འབྲོག་ཁུལ་བུད་མེད་ཅིག་གི་ཆེས་སྤྱིར་བཏང་གི་འཚོ་བའི་རེ་སྙེག་དང་ཕུགས་འདུན་ཐེག་ཡོད། འདག་རྫས་དེ་བསོད་ནམས་བདེ་སྐྱིད་ཀྱི་ལག་ཏུ་ཐོན་དུས་དབྱིབས་དང་ཁ་དོག་གི་སྣ་ཚོགས་ཀྱིས་བརྒྱན་ལ། ཡུལ་ཤུལ་གྱི་རང་བྱུང་བཅོས་མིན་གྱི་དྲི་ཞིམ་ཉར་ནས་རྒྱང་རིང་བོའི་གནས་ཤིག་ལ་ག་ལེར་འདོང་བཞིན་ཡོད་དོ། །