ཞི་ཅིན་ཕིང་གིས་ཧྲན་ཏུང་ཆིན་ཏའོ་གྲོང་ཁྱེར་པེ་ཧའེ་གྲུ་གཟིངས་བཟོ་གྲྭའི་ཟོང་གྲུའི་མེ་སྐྱོན་དོན་རྐྱེན་ཐད་མཛུབ་སྟོན་གལ་ཆེན་གནང་། ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས10ཉིན་གྱི་ཆུ་ཚོད11དང་སྐར་མ15ཡས་མས་སུ། ཧྲན་ཏུང་ཆིན་ཏའོ་གྲོང་ཁྱེར་པེ་ཧའེ་གྲུ་གཟིངས་ཚད་ཡོད་ཀུང་སིའི་ཕྱི་རྒྱལ་གྱི་ཟོང་འདྲེན་གྲུ་གཟིངས་ཤིག་ལ་གྲུ་ཁར་ཞིག་གསོ་བྱེད་སྐབས་མེ་ཤོར་ནས།   མི་སྣར་ཤི་རྨས་ཚབས་ཆེན་བཟོས། 

དོན་རྐྱེན་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། ཧྲན་ཏུང་ཆིན་ཏའོ་གྲོང་ཁྱེར་པེ་ཧའེ་གྲུ་གཟིངས་བཟོ་གྲྭའི་ཟོང་གྲུར་མེ་སྐྱོན་ཤོར་ནས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པས།   འབྲེལ་ཆད་མི་སྣ་འཚོལ་སྐྱོབ་བྱ་རྒྱུར་དམ་འཛིན་བྱ་དགོས་པ་དང་། ལས་མཇུག་དང་སེམས་གསོ་སོགས་ཀྱི་བྱ་བ་ལེགས་པར་བསྒྲུབ་དགོས་པ་མ་ཟད། དོན་རྐྱེན་རྒྱུ་རྐྱེན་གང་མགྱོགས་སྒོས་རྩད་བཅད་ནས། ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་མོ་བྱེད་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།   ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བསླབ་བྱ་དང་ལེན་ནན་མོ་བྱས་ཏེ།  མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་དག་ཐེར་གཏིང་ཟབ་བྱེད་པ་དང་།   འགོག་ཟོན་བྱེད་ཐབས་དོན་འཁྱོལ་ཞིབ་མོ་བྱས་ཏེ།     དོན་རྐྱེན་ཚབས་ཆེན་འབྱུང་བ་མཐའ་གཅིག་ཏུ་བཀག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ་བསྟན་དོན།   ཉེན་གྱར་མི་སྣ་འཚོལ་སྐྱོབ་དམ་འཛིན་ལེགས་པོ་བྱས་ནས། རྨས་མ་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་དང་།  ལས་མཇུག་ཐག་གཅོད་བྱ་བ་ལེགས་པར་བསྒྲུབ་ནས་ཞོར་ཐོན་གནོད་འཚེ་འབྱུང་བ་ནན་འགོག་བྱེད་དགོས།  རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་གཅིག་ཤེས་ཀུན་གྲོལ་བྱེད་དགོས་ཤིང་། ས་གནས་ཁག་དང་ལས་རིགས་ཁག་གི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་སྔར་བས་གཟབ་ནན་དུ་བཏང་སྟེ།  ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་དག་ཐེར་གཏིང་ཟབ་བྱས་ནས།  དོན་རྐྱེན་ཚབས་ཆེན་འབྱུང་བ་མཐའ་གཅིག་ཏུ་འགོག་དགོས།

ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་ལྟར།  འཕྲལ་བསྟུན་དོ་དམ་པུའུ་ཡིས་བྱ་བའི་ཚན་ཆུང་མངགས་ཏེ་ཡུལ་དངོས་སུ་མཛུབ་སྟོན་བྱས།   ཧྲན་ཏུང་ཞིང་ཆེན་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ཡུལ་དངོས་ཐག་གཅོད་སོགས་ཀྱི་བྱ་བ་ནུས་ཡོད་རྒུས་ལེགས་པོར་བསྒྲུབས། མིག་སྔར་བྱ་བ་སོ་སོ་སྒྲུབ་བཞིན་པའི་སྒང་ཡིན། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།