མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གནམ་གཤིས་ཇེ་འཁྱག་ཏུ་འགྱུར་བཞིན་པའི་བབ་དང་བསྟུན་ནས་ཆམ་རིམས་ནད་དུག་ཕོག་སླ་བའི་དུས་་དེ་མུར་བསླེབས་པ་ན། ཆམ་རིམས་འགོག་སྨན་རྒྱག་པའི་ལས་ཀ་ཡང་མགོ་བརྩམས། ཟི་ལིང་གྲོང་ཁྱེར་རིམས་འགོག་ཚོད་འཛིན་སྡེ་ཚན་གྱིས། ཟླ9པ་ནས10བའི་བར་ནི་ཆམ་རིམས་འགོག་སྨན་རྒྱག་པའི་དུས་བཟང་ཡིན་པས། ཆམ་རིམས་ཕོག་སླ་བའི་མི་ཚོགས་ཀྱིས་སྔ་མོ་ནས་འགོག་སྨན་བརྒྱབ་ཏེ་སྟོན་དགུན་དུས་ཚིགས་ཀྱི་བདེ་ཐང་སྲུང་ཡོལ་སྲ་བརྟན་གཏོང་དགོས་ཞེས་དྲན་སྐུལ་གནང་འདུག
ཟླ9པའི་ཚེས8ཉིན་གྱི་སྔ་དྲོར། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་འགོག་སྨན་ཁང་ནང་དུ་སྔོན་ལ་བློ་འདྲི་དང་། འགོག་སྨན་རྒྱག་མཁན་གྲོང་མི་གཅིག་འཕྲོར་གཅིག་བྱས་ནས་ཡོང་བཞིན་འདུག སྨན་པ་ལི་ཡན་མའེ་ཡིས་འདི་སྐད། འགོག་སྨན་རྒྱག་མཁན་གཙོ་བོ་ལོ་ལོན་དང་། བྱིས་པ་ཅུང་མང་། ད་སྔའི་བར་དུ་ཆམ་རིམས་འགོག་སྨན100ལྷག་བརྒྱབ་ཚར་ཟེར།གྲོང་མི་མི་ཉུང་བ་ཞིག་གིས་ན་ནིང་ཆམ་རིམས་འགོག་སྨན་བརྒྱབ་ཟིན་པས་ད་ལོར་རྒྱག་དགོས་མིན་ལ་ཐེ་ཚོམ་ཟ་གྱིན་ཡོད། དེར་རིམས་འགོག་ཚོད་འཛིན་མི་སྣས་འདི་སྐད། དུས་ཚིགས་རང་བཞིན་གྱི་ཆམ་རིམས་ནད་དུག་དེ་བརྒྱུད་འགོ་བྱེད་པའི་ཁྲོད“འགོག་རྫས་འཕོ་ཉུལ”བྱེད་སླ་བས། ལོ་རེར་ཆམ་རིམས་དུས་ཚིགས་ཀྱི་ནད་དུག་ལ་འགྱུར་བ་འབྱུང་བཞིན་ཡོད་ལ། ཆམ་རིམས་འགོག་སྨན་གྱི་སྦྱོར་བ་ཡང་དེ་བཞིན་དུ་སྙོམ་སྒྲིག་བྱེད་ཀྱིན་ཡོད། དེ་དང་ཆབས་ཅིག ཆམ་རིམས་འགོག་སྨན་བརྒྱབ་རྗེས་མིའི་འབྱུང་ཁམས་ནས་སྐྱེད་པའི་སྲུང་སྐྱོབ་རང་བཞིན་གྱི་འགོག་རྫས་རིམ་གྱིས་ཉམས་འགྲོ་བ་ཡིན་པས། སྲུང་སྐྱོབ་ཀྱི་ཕན་ནུས་སྤྱིར་བཏང་ཟླ6ནས8བར་ལས་བསྲིངས་ཐུབ་ཀྱི་མེད། དེ་བཞིན་དུ་ནད་དུག་གི་ངོ་བོ་ལ་འགྱུར་བ་ཆེན་པོ་མ་བྱུང་ན་ཡང་། ལོ་སྔོན་མར་བརྒྱབ་པའི་འགོག་སྨན་གྱི་ནུས་པ་ཚད་ངེས་ཅན་ནས་ཉམས་ཡོད་པས། ལོ་རེར་དུས་ལྟར་ཆམ་རིམས་འགོག་སྨན་བརྒྱབ་ན་ད་གཟོད་ལུས་ཀྱི་དུག་འགོག་ནུས་པ་ཆེ་ཆེར་འཕེལ་ཐུབ་ཟེར།
ཆམ་རིམས་འགོག་སྨན་བརྒྱབ་ཏེ་གཟའ་འཁོར2ནས4འགོར་རྗེས། མིའི་འབྱུང་ཁམས་ལ་སྲུང་སྐྱོབ་འགོག་གཟུགས་གྲུབ་སྲིད། ཆམ་རིམས་འགོས་མཆེད་ཀྱི་ཆོས་ཉིད་ལྟར་ན། ཟླ11པའི་སྔ་གཞུག་ཏུ་དགུན་དཔྱིད་ཀྱི་ཆམ་རིམས་མཆེད་མགོ་བརྩམས་པ་ཡིན་པས། ཟླ9པ་དང10བའི་ནང་ཆམ་རིམས་འགོག་སྨན་རྒྱག་རྒྱུ་གལ་ཆེ། གལ་ཏེ་དུས་སྐབས་འདི་ཡལ་ན་ཆམ་རིམས་འགོས་མཆེད་ཀྱི་དུས་ཚིགས་ཧྲིལ་བོའི་ནང་དུ་སྔར་བཞིན་འགོག་སྨན་དེ་རྒྱག་ཆོག་པ་ཡིན། ཡིད་འཇོག་དགོས་རྒྱུ་ཞིག་ནི་ཆམ་རིམས་དུས་ཚིགས་གཅིག་གི་ནང་དུ་འགོག་སྨན་བརྒྱབ་ཟིན་པ་དག་གིས་ཡང་དང་བསྐྱར་དུ་རྒྱག་མི་དགོས།
ཟི་ལིང་རིམས་འགོག་སྡེ་ཚན་གྱིས་འདི་སྐད། ཟླ་བ་དྲུག་ཡན་གྱི་བྱིས་པ་དང་འཛེམ་བྱ་མེད་པའི་མི་ཚོགས་ཡོངས་ཀྱིས་ཆམ་རིམས་ཀྱི་འགོག་སྨན་དེ་རྒྱག་ཆོག ནང་སྒོས་སུ་ཉེན་ཁ་ཆེ་ཤོས་ཀྱི་མི་ཚོགས་ལ་སྔ་མོ་ནས་བརྒྱབ་ན་ལེགས། དེ་ནི་སྨན་དོན་མི་སྣ་དང་། ལོ60དང་དེའི་ཡན་གྱི་རྒན་རྒོན། སྙུང་གཞི་ཡོད་པའི་ནད་པ། རྒན་གསོ་ལས་ཁུངས་དང་ཕན་བདེ་གླིང་སོགས་འདུ་ཚོགས་བྱེད་སའི་ཉམ་ཐག་མི་ཚོགས་དང་ལས་བྱེད་མི་སྣ། ཟླ་དྲུག་ཡན་ནས་ལོ་ལྔ་བར་གྱི་བྱིས་པ། ཟླ་དྲུག་མན་གྱི་ཁྱེའུ་ཡི་ཁྱིམ་བདག་དང་བདག་སྐྱོང་བྱེད་མཁན། བུ་བཅོག་ཁང་དང་སློབ་གྲྭ་ཆུང་འབྲིང་དུ་ལས་གཉེར་བྱེད་པའི་དགེ་རྒན་དང་ལས་བཟོ་བ། སྦྲུམ་མ་བཅས་ཡིན་ཞེས་བསམ་ཚུལ་བཏོན་ཡོད་དོ། །