མཚོ་སྔོན་པོའི་མཐའ་ལུང་འབྲོག་ལས་རིག་གནས(མཚོ་བྱང་རྐང་ཚ)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་བྱེད་སྒོ་སྤེལ་མགོ་ཚུགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཟླ9པའི་ཚེས8ཉིན་མི་དམངས་དྲ་བས་རྐང་ཚ་ནས་སྤེལ་བའི་འཕྲིན། ཟླ9པའི་ཚེས8ཉིན་མཚོ་སྔོན་པོའི་མཐའ་ལུང་འབྲོག་ལས་རིག་གནས(མཚོ་བྱང་རྐང་ཚ)སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་བྱེད་སྒོ་འགྲེམས་སྟོན་དང2026ལོའི་མཚོ་འཁྱིལ་ཡུལ་ཚོའི་སྐབས་བཅུ་པའི“འཆར་ཡན་གྱི་མཚོ་འཁྱིལ·རིག་གནས་ཀྱི་ཕ་ཡུལ”ཞེས་པའི་རིག་གནས་ཟླ་ཡི་བྱེད་སྒོ་རབ་དང་རིམ་པ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་མཁྱིལ་ཡུལ་ཚོ་ལྷ་ཆབ་ཁུགས་མཛེས་ལྗོངས་ཁུལ་དུ་མགོ་ཚུགས།

བྱེད་སྒོ་སྤེལ་ཡུལ།

བྱེད་སྒོ་དེས“‘མདོག་བཞི་ཡི་ཁྱིམ་གཞིས་མཉམ་དུ་བསྐྲུན’མཚོ་མཁྱིལ་གྱི་ལེའུ་གསར་བ་རྩོམ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས་ཡུལ་ཚོ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་མཚོ་སྔོན་པོའི་འགྲམ་དུ་དགའ་སྤྲོའི་ངང་འཛོམས་ཏེ། དམངས་སྲོལ་འགྲེམས་སྟོན་དང་སྲོལ་རྒྱུན་རྩལ་འགྲན་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་བརྒྱུད་དེ་འབྲོག་པའི་རིག་གནས་ཀྱི་རྩ་བ་རྒྱུན་སྐྱོང་དང་། “མདོག་བཞི་ཡི་ཁྱིམ་གཞིས་མཉམ་དུ་བསྐྲུན”ཞེས་པའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་རྒྱས་བཅས་ཕན་ཚུན་སྐུལ་འདེད་མཉམ་་འཕེལ་བྱེད་པའི་དུས་རབས་ཀྱི་ལེའུ་བརྩམས། 

ཉེ་བའི་ལོ་ཤས་རིང་རྐང་ཚ་རྫོང་མཚོ་མཁྱིལ་ཡུལ་ཚོས་མཚོ་སྔོན་པོའི་མཐའ་ལུང་གི་སྐྱེ་ཁམས་གནས་བབ་ཀྱི་ལེགས་ཆར་གཞི་ཚུགས་ཏེ་འབྲོག་ལས་དམངས་སྲོལ་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་། རིག་གནས་གཞི་རྟེན་དང་ལས་སྟེགས་སྣ་ཚོགས་བཅས་ལ་བརྟེན་ནས་མང་ཚོགས་ཀྱིས་བལྟ་འདོད་བྱེད་པའི་རིག་གནས་ལུས་རྩལ་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། “འཆར་ཡན་གྱི་མཚོ་མཁྱིལ·རིག་གནས་ཀྱི་ཕ་ཡུལ”ཞེས་པའི་ཁྱད་ལྡན་སྤུས་རྟགས་རྒྱུན་མཐུད་ངང་བཏོད་དེ་མཚོ་མཁྱིལ་ཡུལ་ཚོའི་སྐྱེ་ཁམས་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་རྒྱས། གཞི་རིམ་བཅོས་སྐྱོང་སོགས་ཐད་ཀྱི་གཡུར་ཟའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་དང་། མི་རིགས་སོ་སོའི་མང་ཚོགས་བློ་གཅིག་སེམས་གཅིག་དང་དྲིན་ཚོར་ཡར་རྒྱས་ཀྱི་མཉམ་ཤུགས་ཟམ་མི་ཆད་པར་གཅིག་སྡུད་བྱས་ནས་ཡུལ་ཚོ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་ཞིང་རྒྱས་བར་སྐུལ་འདེད་བཏང་།

ཁྱད་ལྡན་ཟས་རིགས།

རྒྱུས་ལོན་བྱུང་བ་ལྟར་ན།  སྐབས་འདིའི་རིག་གནས་ཟླ་ཡི་བྱེད་སྒོའི་ནང་དམངས་སྲོལ་འགྲེམས་སྟོན་དང་། སྲོལ་རྒྱུན་གྱི་རྩལ་འགྲན་འགྲན་སྡུར། ཞིམ་ཟས་འགྲན་སྡུར། ཕྱུགས་རིགས་དཔྱད་སྡུར་སོགས་སྣ་མང་གི་ནང་དོན་ཚུད་ཡོད་ཅིང་། དེ་ནི་སྲོལ་རྒྱུན་དམངས་སྲོལ་རིག་གནས་ཀྱི་གསོན་ཉམས་ལྡན་པའི་རྒྱུན་འཛིན་ཞིག་ཡིན་ལ་མཚོ་མཁྱིལ་ཡུལ་ཚོའི་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་རྒྱས། དམངས་སྲོལ་བཅས་གཅིག་སྡུད་ཐོག་མངོན་པ་ཞིག་ཀྱང་ཡིན་པས། དུས་རབས་གསར་པའི་མཚོ་མཁྱིལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་དཔའ་ངར་ཆེན་པོས་ཡར་རྒྱས་དང་མཐུན་སྒྲིལ་ཡར་རྒྱས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད།

ཐེངས་འདིའི་རིག་གནས་ཟླ་ཡི་བྱེད་སྒོ་དེ་ཟླ9པའི་ཚེས8ཉིན་ནས་ཟླ9པའི་ཚེས10ཉིན་བར་སྤེལ་རྒྱུ་ཡིན་ཞིང་། དེར་མཐུད་དེ་ད་དུང་ནས་འཐག་པ་དང་། འོ་མ་དཀྲོག་པ། ། བལ་སྐུད་འཁེལ་བ། སྐེ་གདུབ་བཟོ་བ་སོགས་སྲོལ་རྒྱུན་ལག་རྩལ་འགྲན་སྡུར་དང་། བོད་ལུག་དང་ནོར་ནག་གི་རྒྱུད་བཟང་ཕྱུགས་རིགས་དཔྱད་སྡུར། དེ་བཞིན་སྲོལ་རྒྱུན་རྟ་རྒྱུག་འགྲན་སྡུར་སོགས་ཁྱད་ལྡན་འགྲན་སྡུར་མང་པོ་སྤེལ་ནས་མཚོ་མཁྱིལ་ཡུལ་ཚོའི་སྐྱེ་ཁམས་མཛེས་སྡུག་ཕྱོགས་ཡོངས་ནས་མངོན་རྒྱུ་རེད།

ཐེངས་འདིའི་རིག་གནས་ཟླ་ཡི་བྱེད་སྒོ་ནི་མཚོ་མཁྱིལ་ཡུལ་ཚོས་རང་ཡུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དར་སྤེལ་གཏིང་ཟབ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། རིག་གནས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན། སླད་མར་མཚོ་མཁྱིལ་ཡུལ་ཚོས་མཚོ་སྔོན་པོའི་མཐའ་ལུང་གི་འབྲོག་ལས་རིག་གནས་ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་ཡག་པོ་བྱས་ནས། དམངས་ཕན་རིག་གནས་ལུས་རྩལ་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་ནས“འཆར་ཡན་གྱི་མཚོ་མཁྱིལ·རིག་གནས་ཀྱི་ཕ་ཡུལ”ཞེས་པའི་སྤུས་རྟགས་མུ་མཐུད་དུ་སྤེལ་རྒྱུ་དང་། རིག་གནས་སྟོབས་ཤུགས་ལ་བརྟེན་ནས་མི་སེམས་གོང་བུར་སྒྲིལ་ནས་སྐྱེ་ཁམས་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་རྒྱས་བཅས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས“མདོག་བཞི་ཡི་ཁྱིམ་གཞིས”བསྐྲུན་པར་བསམ་པའི་འགུལ་ནུས་རྒྱུན་ཆད་མེད་པར་བསྣན་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།