སྐབས་ཉེར་དྲུག་པའི་མ་འཇོག་ངོ་འཕྲད་གྲོས་མོལ་ཚོགས་འདུ་མཚོ་སྔོན་དང་ཡོ་རོབ(ཧྥིན་ལན)བར་གྱི་དཔལ་འབྱོར་ཚོང་དོན་འབྲེལ་མཐུད་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུ་བདེ་བླག་ངང་འཚོགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཟླ9པའི་ཚེས8ཉིན་ཀྲུང་གོའི་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་དྲུག་པ་འཚོག་རིང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་སྣེ་ཁྲིད་དེ་གཉེར་བའི་མཚོ་སྔོན་དང་ཡོ་རོབ(ཧྥིན་ལན)བར་གྱི་དཔལ་འབྱོར་ཚོང་དོན་འབྲེལ་མཐུད་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུ་ཧྥུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ་བདེ་བླག་ངང་འཚོགས། ཐེངས་འདིའི་བྱེད་སྒོ་དེ་ཧྥིན་ལན་གྱི་སྐུ་མགྲོན་རྒྱལ་ཁབ་གཙོ་བོ་དང་མཚོ་སྔོན་གྱི་སྐུ་མགྲོན་ཞིང་ཆེན་གྱི་རྩེར་སོན་སྟེགས་བུའི་དགེ་མཚན་ལ་བརྟེན་ནས་ས་གནས་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས་གནད་འཁེལ་སྦྲེལ་མཐུད་དང་གཉིས་ཕན་མཉམ་རྒྱལ་གྱི་རྒྱལ་སྤྱི་ཅན་གྱི་མཉམ་ལས་ཟམ་པ་བསྐྲུན་ཏེ་མཚོ་སྔོན་དང་ཧྥིན་ལན་གྱི་ལྗང་མདོག་ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཕྱི་ཕྱོགས་སྒོ་དབྱེའི་བར་མཐོངས་རྒྱ་ཆེར་གཏོང་བར་སྒུལ་ཤུགས་གསར་པ་བསྣན།

ཚོགས་འདུའི་ཐོག་ཚོང་དོན་པུའི་ཡོ་རོབ་སི་དང་ཀྲུང་གོར་བཅའ་སྡོད་ཧྥིན་ལན་གྱི་གཞུང་ཚབ་ཁང་གི་འབྲེལ་ཡོད་དཔོན་རིགས་གདན་འདྲེན་ཞུས། ཧྥིན་ལན་དང་། འཇར་མན། སུའེ་ཙེར་སོགས་ཡོ་རོབ་རྒྱལ་ཁབ་ཀྱི་ཁེ་ལས་ཀྱི་འཐུས་མི། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ཞིང་ཆེན་ཐད་གཏོགས་སྡེ་ཚན་དང་། གཙོ་གནད་ཐོན་ལས་གླིང་ཁུལ། སྣེ་འདྲེན་ཁེ་ལས་བཅས་ཀྱི་འཐུས་མི་ཁྱོན་མི37ཚོགས་འདུར་ཞུགསད།  ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཐོན་ཁུངས་དང་། ཁྱད་ལྡན་ཐོན་ལས། ཚོང་གཉེར་ཁོར་ཡུག ཕྱི་ཕྱོགས་སྒོ་དབྱེའི་གོ་སྐབས་བཅས་གཙོ་གནད་ཐོག་འོས་སྦྱོར་བྱས། མཚོ་སྔོན་གྱིས་སྔ་ཕྱི་བར་གསུམ་དུ་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་གཙོ་ཐིག་བརྟན་སྲུང་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་དེ་ཧྥིན་ལན་གྱི་འཁོར་རྒྱུག་དཔལ་འབྱོར་དང་། ལྗང་མདོག་གསར་གཏོད། རྒྱུན་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་བཅས་དང་ཚད་མཐོའི་བསྟུན་ཐུབ་བྱས་ཡོད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་ཕྱི་རྒྱལ་གྱི་མ་དངུལ་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་ཇེ་ལེགས་དང་། ཐོན་ལས་ཀྱི་ལེ་ལག་ཚང་བའི་སྲིད་ཇུས་འཐུས་ཚང་། ཕྱི་ཕྱོགས་སྒོ་དབྱེའི་ནུས་རིམ་རྒྱུན་མཐུད་ངང་ཇེ་མཐོར་བཅས་བཏང་བས་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་མ་དངུལ་འཇོག་པའི་་ལས་དར་གཏིང་ཟབ་སྤེལ་བར་འགན་སྲུང་བརྟན་པོ་དང་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་མཁོ་འདོན་བྱས་ཡོད།

ཧྥིན་ལན་སོགས་ཡོ་རོབ་རྒྱལ་ཁབ་ཀྱི་ཚོགས་ཞུགས་ཁེ་ལས་ཀྱི་སྐུ་མགྲོན་རྣམས་ཀྱིྱིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཕན་འབྲས་ལ་ཚད་མཐོ་བའི་སྒོ་ནས་ཁས་ལེན་བྱས་པ་དང་། ནུས་རྒྱུ་གཙང་མའི་ལག་རྩལ་དང་། རིག་ནུས་བཟོ་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གྲངས་འཛིན་གསར་གཏོད། བཟོ་ལས་ཐཱན་ཉུང་ཕྱོགས་སྒྱུར་སོགས་ཁྱབ་ཁོངས་ཀྱི་སྔོན་ཐོན་ལག་རྩལ་དང་གནད་སྨིན་འཐུས་ཚང་གི་ཉམས་མྱོང་ངོ་སྤྲོད་ཞིབ་ཕྲ་བྱས། ཧྥིན་ལན་ནི་ཡོ་རོབ་བྱང་མའི་ལྗང་མདོག་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད་ཀྱི་ཚད་གཞི་ཡིན་པའི་ངོས་ནས་ཐཱན་ཉུང་ལག་རྩལ་དང་། ནུས་རྒྱུ་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཆས་ཞིབ་སྤེལ། རིག་ལྡན་སྐྱེ་ཁམས་གྲོང་ཁྱེར་འཛུགས་སྐྲུན་སོགས་ཐོན་ལས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པས་མཚོ་སྔོན་གྱི་ལྗང་མདོག་ཕྱོགས་སྒྱུར་དང་ཐོན་ལས་རིམ་སྤོར་གྱི་འཕེལ་རྒྱས་དགོས་མཁོ་དང་ཚད་མཐོའི་འཚམ་མཐུན་ཡོང་བ་བྱེད་དགོས། ཚོགས་ཞུགས་ཁེ་ལས་ཀྱིས་མཚོ་སྔོན་གྱི་ཐོན་ཁུངས་ལེགས་ཆ་དང་འཕེལ་རྒྱས་ཀྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་ལ། མཚོ་སྔོན་གྱི་ཐོན་ལས་བཀོད་སྒྲིག་ཐདའབྲེལ་མཐུད་གཏིང་ཟབ་བྱས་ནས་ལྗང་མདོག་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ཁྲོདཧུར་ཐག་ཞུགས་ཐུབ་པར་ི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

སྲིད་གཞུང་དང་ཁེ་ལས་ཕྱོགས་གཉིས་པོས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་གནད་ལ་འཁེལ་བའི་ངོ་འཕྲད་གྲོས་མོལ་བྱས་ཏེ་ནུས་རྒྱུ་གཙང་མ་གསར་སྤེལ་དང་། ཚྭ་མཚེའུའི་ཐོན་ཁུངས་ལྗང་མདོག་འཁོར་རྒྱུག་བེད་སྤྱོད། ཐཱན་ཉུང་ལག་རྩལ་དོན་འཁྱོལ། རིག་ནུས་བཟོ་སྐྲུན་མཉམ་ལས། སྐྱེ་ཁམས་རིག་གནས་ཡུལ་སྐོར་མཉམ་འདྲེས། ལྗང་མདོག་ཐོན་ལས་གླིང་མཉམ་སྐྲུན་སོགས་ལྟེ་བའི་ཁ་ཕྱོགས་ལ་དམིགས་ནས་གྲོས་མོལ་གཏིང་ཟབ་བྱས་ཏེ་ལག་རྩལ་ནང་འདྲེན་དང་། རྣམ་གྲངས་མཉམ་སྐྲུན། ཤེས་ལྡན་མི་སྣ་སྤེལ་རེས། གྲུབ་འབྲས་གཞན་སྒྱུར་སོགས་ཐད་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་རགས་ཙམ་བྱུང་ནས་སླད་ཕྱིན་རྒྱུན་རྣམ་ཅན་གྱི་སྦྲེལ་མཐུད་དང་རྣམ་གྲངས་དོན་དངོས་རང་བཞིན་གྱི་སྒོ་ནས་དོན་འཁྱོལ་བྱེད་པར་རྨང་གཞི་བརྟན་པོ་བཏིང་། ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ནི་མཚོ་སྔོན་གྱིས་རྒྱལ་ཁབ་རིམ་པའི་འགྲེམས་ཚོགས་ལ་བརྟེན་ནས་ཡོ་རོབ་ཁྲོམ་ར་སྦྲེལ་མཐུད་དང་སྤུས་ལེགས་ཐོན་ཁུངས་གཅིག་སྡུད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ས་ཁོངས་མཉམ་ལས་ཀྱི་བཀག་རྒྱ་མེད་པ་བཟོས་ནས་སྲིད་གཞུང་དང་ཁེ་ལས་ཕན་ཚུན་བར་གྱི་ཡིད་ཆེས་ཟབ་ཏུ་བཏང་སྟེ་མཚོ་སྔོན་དང་ཧྥིན་ལན་གྱི་མཉམ་ལས་དེ་གཏིང་ཟབ་པའི་སྤེལ་རེས་ནས་གཏིང་ཟབ་པའི་དངོས་སྒྲུབ་མཉམ་ལས་སུ་བསྒྱུར་བར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།