ཟླ9ཚེས8ཉིན་མཚོ་སྔོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་ནས་ཤེས་གསལ་ལྟར་ན། ཞིང་ཆེན་བྲུག་འགོག་བཀོད་འདོམས་པུའི་གཞུང་དོན་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་ཞོད་འགོག་བཀོད་གཏོང་ལས་དོན་གྱི་ཁྲིད་སྟོན(ཚོད་ལྟའི་ལག་བསྟར)》པར་འགྲེམས་བྱས་ཏེ། ཆར་ཆུ་བྲུག་པའི་དུས་འདིར་ཞིང་ཆེན་དང་། གྲོང་ཁྱེར། ཁུལ། རྫོང་བཅས་རིམ་པ་གསུམ་གྱི་བྲུག་འགོག་བཀོད་གཏོང་ལས་དོན་ཚད་ལྡན་བཏང་བ་དང་། ལམ་ལུགས་ཅན་དང་། ཚད་ལྡན་ཅན། དངོས་འཐབ་ཅན་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་བྲུག་འགོག་བཀོད་འདོམས་མ་ལག་འཐུས་ཚང་དུ་བཏང་ནས་ཆར་ཆུ་བྲུག་སྐབས་ཀྱི་བདེ་འཇགས་སྲུང་བའི་མཐའ་མའི་ཚད་ཐིག་བརྟན་སྲུང་བྱས།
མཚོ་སྔོན་ཞིང་ཆེན་ཆར་ཆུ་བྲུག་སྐབས་ཀྱི་གཏད་རྒྱུག་གནམ་གཤིས་ཐོན་སླ་བ་དང་། ཐོག་ཆར་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་འཇིག་ཉེན་ཆེ་བ་སོགས་ཉེན་ཁ་ཆེ་ས་མང་ཞིང་ཁྱབ་རྒྱ་ཆེ་བའི་ཁྱད་ཆོས་མངོན་པ་དང་། ཐག་རིང་ལུང་ཁུག་གི་འབྲོག་ཁུལ་རི་ཁུལ་གྱི་བྲུག་འགོག་བཀག་སྡོམ་གྱི་རྨང་གཞི་ཞན་པ་སོགས་ཞིང་ཆེན་ཡོངས་ཀྱི་བྲུག་འགོག་ལས་དོན་ལ་ཚོད་བགམ་དྲག་པོ་འཕྲད་ཡོད། ད་ཐེངས་པར་འགྲེམས་བྱས་པའི《ཁྲིད་སྟོན》ནི་ཞིང་ཆེན་ཡོངས་ཀྱི་བྲུག་འགོག་ལས“1235”བཀོད་འདོམས་ལས་ཀའི་ནང་རྐྱེན་ལམ་སྲོལ་དང་། བྲུག་འགོག་ཉེན་གཡོལ་གྱི“ལྔ་ལྔའི”ལས་དོན་བཅའ་ཁྲིམས་དང《མཚོ་སྔོན་ཞིང་ཆེན་བྲུག་འགོག་གྲོས་མོལ་ཞིབ་བཤེར་ལས་དོན་ཁྲིད་སྟོན》གྱི་ལེ་ལག་ཚང་བའི་དངོས་སྦྱོང་ཡིག་ཆ་གལ་ཆེན་ཞིག་ཡིན་པས། ས་མཐོའི་བྲུག་འགོག་གི་དངོས་འཐབ་ཉམས་མྱོང་གཅིག་ཏུ་བསྡུས་ཏེ། དངོས་འཐབ་གཙིགས་འཛིན་པ་དང་། གནད་འཁེལ་གནད་འཛིན། གདུབ་ཟུམ་ཕན་འབྲས་སུ་ལྟ་བའི་ལས་ཀའི་ཁྲིད་སྟོན་གཏན་འཁེལ་བྱས་པ་དང་། ཞིང་ཆེན་དང་། གྲོང་ཁྱེར། ཁུལ། རྫོང་བཅས་རིམ་པ་གསུམ་གྱི་འཕྲལ་སྡོམ་བཀོད་འདོམས་མ་ལག་ཇེ་བརྟན་དུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་བྲུག་འགོག་ལས་དོན་དེ་གཞན་དབང་གི་ཁ་གཏད་གཅོག་པ་ནས་རང་འགུལ་གྱིས་བཀག་སྡོམ་དང་། གནད་འཕིགས་ཇུས་འདོན། ཡང་དག་ཐག་གཅོད་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་།
《ཁྲིད་སྟོན》གྱིས“སྔོན་ལ་ཞིབ་འཇུག་བརྡར་གཅོད་དང་ཕྱིས་སུ་བཀོད་འདོམས་བཀོད་གཏོང་བྱེད་པའི”དགོས་ངེས་ཀྱི་རྩ་དོན་ནན་པོ་བཟོས་ཏེ། ཕྱོགས་བསྡུས་གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་དེ་བཀོད་གཏོང་ལས་དོན་སྣ་ཚོགས་ཀྱི་འགག་སྒོ་ཞིག་ཏུ་བརྩིས་ཏེ་ཞིང་ཆུ་ལེབ་གཏོང་རྣམ་པའི་ཁྱབ་འགྱུར་བཀོད་གཏོང་དང་ནུས་མེད་བཀོད་གཏོང་མཐའ་གཅིག་ཏུ་གཏན་འགོག་བྱས་ཡོད། རང་རེའི་ཞིང་ཆེན་གྱི་མཚན་མོ་ཆར་པ་མང་འབབ་དང་། གནོད་འཚེ་རྗེས་སུ་ལུས་པ། ས་ཚིགས་རྐྱང་པའི་ཐོལ་བྱུང་ཉེན་ཁ་མངོན་གསལ་དོད་པོ་ཡིན་པ་བཅས་ཀྱི་གནོད་འཚེ་ཆོས་ཉིད་ལ་འབྲེལ་ཏེ། ཆར་ཆུ་དང་། ཆུ་བབ། ས་གཤིས་ཉེན་ཁ་བཅས་ལ་ཕྱོགས་བསྡུས་ཐོག་ཞིབ་འཇུག་བརྡར་གཅོད་གནད་འཕིགས་བྱས་ནས“ས་ཚིགས་ནས་ས་ཚིགས་བར་གྱི་འབེན་ཕྱོགས་བཀོད་གཏོང་བྱེད་པོ་དང་ཁྱབ་ཁོངས་ཆུང་གྲས་ཀྱི་ཆེད་དམིགས་བཀོད་གཏོང་ཁ་གསབ་བྱེད་པའི”བཀོད་གཏོང་བྱེད་སྟངས་གཏན་འཁེལ་བྱས་པ་དང་། བཀོད་གཏོང་བཀའ་བཀོད་གནད་ལ་འཁེལ་བའི་སྒོ་ནས་ཉེན་ཁའི་གནས་ལ་དཔེ་བསྡུར་དང་དངོས་འཐབ་ཀྱི་ཐག་གཅོད་ལ་ཞབས་འདེགས་ཞུ་བར་འགན་ལེན་བྱས།
《ཁྲིད་སྟོན》གྱིས་ཞིང་ཆེན་དང་། གྲོང་ཁྱེར། ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ཕྱི་ནང་གསལ་བའི་བཀོད་གཏོང་རྣམ་པའི་འགན་དབང་ཁ་གསལ་བཟོས་ནས“ཞིང་ཆེན་རིམ་པས་ཁྱབ་ཁོངས་ཡོངས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། གྲོང་ཁྱེར་དང་ཁུལ་གྱིས་ཤང་དུ་བཀོད་གཏོང་བྱེད་པ། རྫོང་རིམ་པས་གྲོང་ཚོར་བཀོད་གཏོང་བྱེད་པ”ཡི་བྱ་བའི་བྱང་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་ཆེན་རིམ་པས་ཁྱབ་ཁོངས་ཡོངས་ཀྱི་ཉེན་ཁ་འགོག་ཟོན་གལ་ཆེན་དང་། ས་ཁོངས་ལས་བརྒལ་བའི་མཐུན་སྦྱོར་ཐག་གཅོད་དང་འཕྲལ་སྡོམ་ཐོན་ཁུངས་བཀོད་སྒྲིག་བཅས་གཅིག་གྱུར་འཆར་འགོད་བྱས་ཐོག ལྟ་སྐུལ་ཁྲིད་སྟོན་ལ་ནུས་བ་བཏོན་ནས་ལས་འགན་བརྒལ་བའི་ཚབ་སྒྲུབ་བྱེད་མི་རུང་བའི་ཐད་ཁྲིད་སྟོན་བྱེད་དགོས། གྲོང་ཁྱེར་དང་ཁུལ་གྱིས་གོང་འོག་མཉམ་སྦྲེལ་གྱི་སྒོ་ནས་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཏེ་འགན་འཁྲི་རིམ་པ་ནན་སྐུལ་དང་ལག་བསྟར་དོན་འཁྱོལ་གྱི་འབྲེལ་ཐག་དམ་པོར་བཟོ་དགོས། རྫོང་རིམ་པས་བྲུག་འགོག་གི་གཡུལ་ས་བརྟན་སྲུང་བྱས་ཏེ་བཀོད་གཏོང་ཐད་ཀར་དུ་གྲོང་ཚོ་དང་སྡེ་ཁུལ་ལ་འབྱོར་ཐུབ་པ་དང་། མངོན་མེད་རྐྱེན་ངན་གྱི་འབྲེལ་སྣེ་ལ་་ཐད་ཀར་བཀོད་གཏོང་ཐུབ་པ་བྱས་ཏེ། འགན་ཁུར་རིམ་དབྱེ་དང་། ས་ཁོངས་གཙོར་འཛིན། སྡེ་ཚན་མཉམ་འགུལ། གདབ་ཟུམ་དོན་འཁྱོལ་བཅས་ཀྱི་བྲུག་འགོག་ལས་དོན་སྤེལ་སྟངས་བཙུགས།
《ཁྲིད་སྟོན》གྱིས་ཆར་བ་མ་བབས་སྔོན་གྱི་དཔྱད་དཔག་དང་། ཆར་བ་འབབ་བཞིན་པའི་ཁྲོད་ཀྱི་དོ་དམ་ཚོད་འཛིན། ཆར་བ་བབས་རྗེས་ཀྱི་བསྐྱར་ཞིབ་བཅས་ཀྱི་དུས་འཁོར་ཧྲིལ་པོའི་བཀོད་གཏོང་མ་ལག་བཙུགས་ཏེ། སྔོན་ཚུད་ཉེན་བརྡའི་བཀག་སྡོམ་བྱེད་ཐབས་རིམ་པ་དབྱེ་ནས་དོན་འཁྱོལ་དང་། ཆར་རྗེས་ཀྱི་ཞོར་ཐོན་གནོད་འཚེའི་ཉེན་ཁར་དོ་སྣང་ནན་པོ་བྱས་ནས་བྲུག་འགོག་ཉེན་གཡོལ་གྱི“ཕྱིར་མི་ལྡོག་པ་ལྔ”ཡི་དོ་དམ་ཚོད་འཛིན་གཏན་འབེབས་ལག་བསྟར་ནན་པོ་བྱེད་དགོས། གཞི་རིམ་གྱི་བཀོད་གཏོང་ལས་རེས་ལམ་སྲོལ་ལེགས་སྒྱུར་བྱས་ཏེ། འཐབ་ཕྱོགས་དང་པོའི་སྟོབས་ཤུགས་ཀྱི་ལུས་སེམས་གཉིས་ཀ་གནོད་འགོག་ཉེན་གཡོལ་དང་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ཁྲོད་ཞུགས་ཐུབ་པར་འགན་སྲུང་བྱེད་དགོས།