མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། དགེ་རྒན་དུས་ཆེན་སྐབས42པ་བསླེབ་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་རྣམ་གཉིས་སློབ་གྲྭ་ཆེན་མོ་དང་ལས་རིགས་ལག་རྩལ་སློབ་གྲྭ། སློབ་ཆུང་བཅས་སུ་བསྐྱོད་དེ། ལས་གནས་དང་པོ་ན་ཡོད་པའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པ་རྣམས་ལ་འཚམས་འདྲི་གནང་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་།
ཝུའུ་ཞའོ་ཅུན་སྔ་རྗེས་སུ་མཚོ་སྔོན་སློབ་ཆེན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་འཁོར་སྐར་དང་པོའི་ས་ངོས་བསྡུ་ལེན་ས་ཚིགས་དང་། པུའུ་དང་ཞིང་ཆེན་གྱིས་མཉམ་སྐྲུན་བྱས་པའི་ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཞིབ་འཇུག་སྟེགས་བུ་ཆེ་ཤོས། མཚོ་སྔོན་རང་བྱུང་བཟོ་སྐྲུན་སློབ་གླིང་གི་གནམ་གཤིས་སྟེགས་བུ། རྒྱང་ཚོར་བར་སྟོང་གཞི་གྲངས་ཆེན་མོའི་ཚོད་ལྟ་ཁང་བཅས་སུ་བསྐྱོད་དེ། སྐྱེ་ཁམས་ཁོར་ཡུག་ཚད་ལེན་དང་མཐོ་སྒང་གི་ནམ་ཟླའི་འགྱུར་ལྡོག གནམ་གཤིས་གཞི་གྲངས་ལ་དབྱེ་ཞིབ་དང་། སློབ་གྲྭ་དང་ས་གནས་མཉམ་འབྲེལ་གྱི་ཚན་ཞིབ་འགག་སྒྲོལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་ཆབས་ཅིག ཅཱ་ཞུའེ་ཏུང་སོགས་དགེ་རྒན་གྱི་དཔུང་སྡེའི་འཐུས་ཚབ་དང་ཕུལ་བྱུང་སློབ་གསོའི་ལས་སྒྲུབ་པ་རྣམས་ལ་འཚམས་འདྲི་གནང་། ཝུའུ་ཞའོ་ཅུན་གྱིས་ཁོ་ཚོ་ལ་ཐུགས་ཁུར་ཟབ་མོས་ངང་ཁ་བརྡ་བྱས་པར་མ་ཟད་དུས་ཆེན་གྱི་སྨོན་འདུན་ཞུས་ཏེ། ཚང་མས་ལངས་གནས་མཐོ་ཞིང་དམིགས་ཚད་དམ་འཛིན། ཁྱད་ཆོས་ལྡན་པ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། མཐོ་སྒང་གི་ཚན་ཞིབ་ལས་འགན་ལ་དམིགས་ཏེ་ཁྱད་ལྡན་དགེ་མཚན་གྱི་ཁྱབ་ཁོངས་ཁྲོད་ཟབ་ཞུགས་བྱས་ཏེ། ཚན་རྩལ་གྱི་གྲུབ་འབྲས་དེ་དེང་རབས་ཅན་གྱི་ལག་ལེན་ཁྲོད་རྒྱ་ཆེར་སྤྱོད་པར་སྐུལ་འདེད་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་སྔར་ལས་ཞབས་འདེགས་བཟང་པོ་ཞུ་དགོས། མཐོ་སྒང་གི་ཡངས་པའི་ས་ཆེན་འདི་དཔྱད་རྩོམ་གྱི་རྒྱུ་ཆར་བརྩིས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཚན་ཞིབ་དང་སློབ་གསོའི་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་དགོས་ཞེས་སྐུལ་མ་བཏང་།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་འདི་སྐད། སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན་པས། ཐོག་མའི་སེམས་འདུན་དང་འགན་འཁྲི་མི་བརྗེད་ཡིད་ལ་དམ་པོར་བཟུང་ཐོག མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་ལ་གཞིགས་ཏེ་ཁ་གཏད་རོགས་སྐྱོར་གྱི་སྟོབས་ཤུགས་འདོན་སྤེལ་གང་ལེགས་དང་། ཚྭ་མཚོའི་ཐོན་ཁུངས་ཕན་འབྲས་མཐོ་བའི་བེད་སྤྱོད་དང་མཚོ་བོད་མཐོ་སྒང་གི་ནམ་ཟླའི་འགྱུར་ལྡོག་སོགས་འགག་རྩའི་ཁྱབ་ཁོངས་ཀྱི་ཚན་ཞིབ་འགག་སྒྲོལ་ལ་ཤུགས་སྣོན་དགོས། རིག་ཚན་གི་འཛུགས་སྐྲུན་ལ་བསྟུད་མར་ཤུགས་བཏོན་ཏེ་འབད་བརྩོན་ཆེན་པོས་སློབ་སྒྲུབ་ཆུ་ཚད་མཐོར་འདེགས་བཏང་ནས་མ་རྩོམ་རང་བཞིན་དང་ཁྲིད་སྟོན་རང་བཞིན། མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་སྔར་ལས་མང་པོ་ཞིག་ལེན་དགོས། ཕུགས་བསམ་དང་དད་མོས་ཡོད་པའི་དུས་རབས་ཀྱི་མི་གསར་བ་སྔར་ལས་མང་པོ་སྐྱེད་སྲིང་བྱས་ཏེ། ཁྱད་ཆོས་གསལ་བོ་ལྡན་པའི་མཐོ་སྒང་གི་ཆུ་ཚད་མཐོ་བའི་སློབ་ཆེན་ཧུར་ཐག་གི་འཛུགས་སྐྲུན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་བརྩམ་པར་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱ་དགོས་ཞེས་ནན་གྱིས་བསྟན།
ལུའོ་ཏུང་ཁྲོན་ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་ཆི་ལེན་ལམ་གྱི་སློབ་ཆུང་དུ་སོང་ནས། སློབ་གྲྭའི་འཛུགས་སྐྲུན་དང་ཁྱད་ལྡན་སློབ་ཁྲིད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ཤིང་། དགེ་རྒན་གྲགས་ཅན་ཉིའུ་ཡུས་ཕིན་འཚར་ལོངས་འབྱུང་སའི་ལས་སྒྲུབ་ཁང་གི་དགེ་རྒན་གྱི་འཐུས་ཚབ་པར་འཚམས་འདྲི་བྱས་ཏེ་ཁོ་ཚོ་དང་ཐུགས་ཉེ་ཉེ་ངང་བརྗེ་རེས་བྱས་ཤིང་། ཚང་མས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པའི་ཐོག་མའི་སེམས་འདུན་དང་འགན་འཁྲི་ཡིད་ལ་དམ་འཛིན་དང་། དགེ་རྒན་གྱི་སྤྱོད་ཚུལ་ལེགས་པོ་རྒྱུན་འཁྱོངས་བྱས་ནས་ མཛེས་རིག་སློབ་གསོའི་ཁྱད་ལྡན་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དགོས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དང་སྲོལ་རྒྱུན་རིག་གནས་དེ་མཛེས་རིག་སློབ་གསོའི་ཁྲོད་བཅུག་སྟེ། བྱིས་པ་རྣམས་ཀྱིས་དགའ་སྤྲོའི་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་མཐོང་རྒྱ་སྐྱེད་པ་དང་སེམས་ཁམས་གསོ་ཐུབ་པ། བདེ་ཐང་ངང་འཚར་ལོངས་འབྱུང་ཐུབ་པ་བཅས་ཀུན་སྤྱོད་དང་བློ་གྲོས། ལུས་རྩལ། མཛེས་དཔྱོད། ངལ་རྩོལ་སོགས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཧུར་ཐག་གིས་སྐྱེད་སྲིང་བྱེད་དགོས་པའི་རེ་བ་བཏོན།
དེའི་རྗེས། ལུའོ་ཏུང་ཁྲོན་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་མཁར་བྱང་སློབ་ཁུལ་དུ་སོང་ནས་ཕུལ་བྱུང་དགེ་རྒན་གྱི་འཐུས་ཚབ་དགེ་རྒན་ཆེན་མོ་མའོ་ཡན་དབྱིན་ལ་འཚམས་འདྲི་གནང་བ་དང་། ཡུལ་དངོས་སུ་ཕྱོགས་བསྡུས་དངོས་སྦྱོང་རྟེན་གཞིར་ལྟ་ཞིབ་བྱས་ནས་ཚན་ཞིབ་ཀྱི་མྱུར་ཚད་དང་འཇོན་མི་སྐྱེད་སྲིང་། དགེ་རྒན་ཐོན་ཁུངས་ཀྱི་དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་སྐོར་ལ་རྒྱུས་ལོན་བྱས་པར་མ་ཟད། སློབ་གྲྭས་མཐོ་སྒང་གི་གྲང་ངར་ཆེ་བའི་གནམ་གཤིས་ཁྱད་ཆོས་ལ་དམིགས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་པ་དང་། ཐོན་ལས་དང་སློབ་གསོ་མཉམ་འདྲེས། སློབ་གྲྭ་དང་ཁེ་ལས་བར་གྱི་མཉམ་ལས་ཟབ་སྤེལ་བཅས་བྱས་ནས། ཁྱད་ལྡན་གྱི་རིག་ཚན་མ་ལག་འཛུགས་པ་དང་། ཁ་གཏད་རོགས་སྐྱོར་གྱི་རྐྱེན་སྲོལ་བེད་སྤྱོད་ལེགས་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་ལས་རིགས་ལག་རྩལ་སློབ་གསོའི་སློབ་སྒྲུབ་སྤུས་ཚད་ཇེ་ལེགས་སུ་གཏོང་བ། སློབ་མ་འཚར་ལོངས་ཀྱི་བརྒྱུད་ལམ་གེགས་མེད་ཡོང་བར་བྱེད་པ། རྩལ་ནུས་སྔར་ལས་མཐོ་བའི་འཇོན་མི་སྐྱེད་སྲིང་བྱེད་པ་དང་། ལས་རིགས་ལག་རྩལ་སློབ་གསོ་ཧེ་བག་ཅན་དང་དོན་སྙིང་ཅན་གྱི་ཕྱོགས་སུ་མགྱོགས་པོར་འཕེལ་ཐུབ་པ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་འཇོན་མི་དང་རྩལ་ནུས་ཀྱི་འདེགས་སྐྱོར་སྔར་ལས་བརྟན་པོ་འདོན་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་།
ཀྲུའུ་ཞང་ཧྥིན་དང་དབྱང་ཀྲི་ཝུན་འབྲེལ་ཡོད་བྱེད་སྒོར་ཞུགས། །