རེབ་གོང་ཐང་ག་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་དཔེ་སྟོན་ཁུལ་གསར་གཏོད་ཀྱི་མིང་ཐོའི་ནང་ཚུད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ9པའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་ཡིས2026ལོའི་རྒྱལ་ཁབ་ས་ཁམས་མཚོན་རྟགས་སྲུང་སྐྱོང་དཔེ་སྟོན་ཁུལ་གཏོད་ཡུལ་གྱི་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རེབ་གོང་ཐང་ག་དེ་རྒྱལ་ཁབ་ས་ཁམས་མཚོན་རྟགས་སྲུང་སྐྱོང་དཔེ་སྟོན་ཁུལ་གྱི་མིང་ཐོའི་ནང་ཚུད་པ་རེད། 

2023ལོ་ནས་བཟུང་། རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱིས་རེབ་གོང་ཐང་གའི་རྒྱལ་ཁབ་ས་ཁམས་ཆེད་སྤྱོད་མཚོན་རྟགས་འཛུགས་སྐྲུན་བྱེད་མགོ་བཙུགས་ཏེ་མ་བཅོས་རྒྱུ་ཆའི་ཁུངས་འདེད་དང་། བཟོ་རྩལ་དོ་དམ་ཚོད་འཛིན། སྤུས་ཚད་ཞིབ་བཤེར། ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་འབྲེལ་ཐག་ཧྲིལ་པོའི་སྲུང་སྐྱོང་མ་ལག་དུས་གཅིག་ཏུ་བཙུགས་ནས། ཆེད་གཏོགས་རྩ་གཉིས་ཨང་རྟགས་ཁུངས་འདེད་ལམ་སྲོལ་བརྒྱུད་དེ་བརྩམས་ཆོས་ཀྱི་ཡོང་ཁུངས་ཁུངས་འདེད་དང་། འགྲོ་ཕྱོགས་འདྲི་རྩད། སྤུས་ཚད་ཞིབ་བཤེར་བཅས་བྱེད་ཐུབ་པར་བཟོས། མིག་སྔར། གླིང་ཁུལ་ནང་གཞི་ཁྱོན་ཅུང་ཆེ་བའི་རི་མོ་ཁང25ཡོད་ལ། “རི་མོ་ཁང་+ཞིང་དུད+རྟེན་གཞི+ཁྲོམ་ར”བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་ཤིག་ཆགས་ཡོད་པ་རེད། ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་གཉེར་སྐྱོང་ཁང600ལྷག་གི་ཁྲོད། རིག་གནས་ཐོན་ལས་གཉེར་སྐྱོང་བྱེད་པོའི་བཟུང་བའི་བསྡུར་ཚད90%ལས་བརྒལ་བ་དང་། རིག་གནས་ལས་གཉེར་པ་ཁྲི4.17ཟིན་པའི་ནང་རེབ་གོང་ཐང་གའི་ལས་གཉེར་པ་ཁྲི3.5ཡོད་པ་རེད།

2025ལོར་ཁུལ་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ལོ་རེའི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར15ལས་བརྒལ་བ་དང་། རེབ་གོང་ཐང་ག་ཐོན་ལས་ཀྱི་གཉེར་སྐྱོང་ཡོང་འབབ་ཀྱིས་བཅུ་ཆའི་བདུན་ལས་བརྒལ་ཡོད། རེབ་གོང་ཐང་ག་ལ“ཀྲུང་གོའི་ས་ཁམས་མཚོན་རྟགས་རང་བཞིན་གྱི་སྲུང་སྐྱོང་ཐོན་རྫས”ཀྱི་ཆོག་མཆན་ཐོབ་པ་དང་། རེབ་གོང་རིག་གནས་ཐོན་ལས་དེ“མཚོ་སྔོན་གྱི་ཚོང་རྟགས་གྲགས་ཅན”ལ་གཏན་འཁེལ་བྱས། རེབ་གོང་སྒྱུ་རྩལ་པས་ལོ་རེར་ཆ་སྙོམས་སུ་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྟོན་དང་རྗེས་རེས་བྱེད་སྒོ་ཐེངས10ཡན་སྤེལ་བ་དང་། རྒྱལ་ཁབ30ལྷག་ལ་ཁྱབ་ནས་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ནུས་ལྡན་ཆེ་རུ་ཕྱིན་ཡོད་པ་རེད། རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་དེ་རྒྱལ་ཡོངས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་དཔེ་མཚོན་ཞིག་ཏུ་གྱུར་ནས“མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་། རིག་གནས་ཡུལ་སྐོར་འཕེལ་རྒྱས། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བའི”གཉིས་ཕན་གྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།