ཟླ9བའི་ཚེས7ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། མི་དམངས་ཉིན་རེའི་ཚགས་པར་སྨྱན་སྦྱོར་ཁྱབ་བསྒྲགས་མཚོ་སྔོན་ཡན་ལག་ཀུང་སིས་འགན་སྒྲུབ་བྱས་པའི2026ལོའི་རྒྱལ་ཡོངས་ཀྱི་གཙོ་གནད་སྨྱན་སྦྱོར་ཁག་གིས“མི་རིགས་མཐུན་སྒྲིལ་ཡར་ཐོན”སྐོར་གྱི་དྲིལ་བསྒྲགས་གསར་འགོད་བྱེད་སྒོ་ཟི་ལིང་གྲོང་ཁྱེར་དུ་དངོས་སུ་སྤེལ་འགོ་ཚུགས། མི་དམངས་ཉིན་རེའི་ཚགས་པར་ཁང་དང་། ཀྲུང་གོའི་གསར་འགྱུར་ཁང་། ཀྲུང་གོའི་དྲ་བ། མི་རིགས་ཚགས་པར་སོགས་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གལ་ཆེན་མང་པོ་ཞིག་དང་ས་གནས་རིམ་པའི་གསར་འགྱུར་ལས་ཁུངས་གཙོ་གྲོས་དག་མཐོ་སྒང་གི་གནས་འདིར་འཛོམས་ཏེ། མཚོ་སྔོན་གྱི་ས་ཁུལ་མང་པོར་བཅར་འདྲི་དང་རྟོག་ཞིབ་གཏིང་ཟབ་བྱས་ནས། ཕྱོགས་ཡོངས་དང་ཟུར་ཚད་མི་འདྲ་བ་དུ་མ་ནས་མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་ཐད་ལག་ལེན་དངོས་བསྟར་བ་དང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཚུལ་སྔོག་འདོན་དང་དྲིལ་བསྒྲགས་བྱ་རྒྱུ་རེད།
ཐེངས་འདིའི་དྲིལ་བསྒྲགས་བཅར་འདྲིའི་དུས་ཡུན་ནི་ཟླ9བའི་ཚེས7ནས་ཟླ9བའི་ཚེས11ཉིན་ཡིན་པ་དང་། བྱ་འགུལ་གྱི་སྐབས་སུ། སྨྱན་སྦྱོར་བཅར་འདྲི་ཚོགས་པ་སྔ་རྗེས་སུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་གཉིས་དང་། མཚོ་ཤར་གྲོང་ཁྱེར་གྱི་ཕིན་ཨན་ཆུས། ཟི་ལིང་གྲོང་ཁྱེར་གྱི་མཁར་ནུབ་ཁུལ་དང་མཁར་དཀྱིལ་ཁུལ་གྱི་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མདའ་བཞི་རྫོང་དང་མདོ་ལ་རྫོང་བཅས་ས་ཆ་མང་པོར་བསྐྱོད་དེ་བརྟག་དཔྱད་དང་བཅར་འདྲི་བྱེད་རྒྱུ་རེད།
ཐེངས་འདིར་རྒྱལ་ཡོངས་ཀྱི་གཙོ་གནད་སྨྱན་སྦྱོར་ལས་ཁུངས་དག་གིས་གཅིག་བསྡུས་ཀྱི་བཅར་འདྲིའི་བྱེད་སྒོ་སྤེལ་བ་འདི་ནི། ཕྱི་ཕྱོགས་སུ་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་གྲུབ་འབྲས་སྟོན་པ་དང་། མཐོ་སྒང་མཐུན་སྒྲིལ་གྱི་སྙན་དབྱངས་སྒྲོག་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། གསར་འགོད་པ་དག་གིས་ཆེད་ལས་ཀྱི་མཐོང་སྣེ་དང་ཞིབ་ཚགས་ཀྱི་སྨྱུག་རྩལ། གསོན་ཉམས་ཅན་གྱི་བརྙན་མིག་བརྒྱུད་དེ། མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དང་གཞི་རིམ་བཅོས་སྐྱོང་སྤུས་འདེགས། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། མི་རིགས་ཁག་གི་མཉམ་གནས་མཉམ་སློབ་དང་མཉམ་བསྐྲུན་མཉམ་སྤྱོད་སོགས་ཕྱོགས་ཀྱི་གསར་གཏོད་བྱེད་ཐབས་དང་དཔེ་མཚོན་ལེགས་ཤོས་བཀོད་དེ། དུས་རབས་གསར་པའི་ནང་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་བརྩོན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་རྣམ་པ་གསར་པ་མངོན་པར་མཚོན་ཞིང་། མཚོ་སྔོན་ཞིང་ཆེན་གྱིས་ཚད་གཞི་མཐོ་བའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་བའི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུར་གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་པ་དང་མདུན་སྐྱོད་སྟོབས་ཤུགས་གཅིག་ཏུ་བསྡུ་རྒྱུ་རེད།