ཉེ་ལམ་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་གླིང་དང་། ཀྲུང་ཧྲན་སློབ་ཆེན་སོགས་ཀྱི་ཚན་ཞིབ་ལས་ཁུངས་བར་མཉམ་འབྲེལ་བྱས་ཏེ། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁོངས་གཏོགས་སུ་ཕྱོགས་བསྡུས་ཚན་ཞིབ་ཀྱི་ལས་ཀ་སྤེལ་ཞིང་། གཙོ་བོ་ཆབ་རོམ་དང་། བརླན་ས། དེ་མིན་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཀྱི་གནས་བབ་བཅས་ལ་རྟོག་ཞིབ་བྱས་པ་རེད།
ཆབ་རོམ་ལ་གོ་ལ་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་གི“རྫི་གསིང་དོད་པའི་སྐྱེ་ཁམས་ཀྱི་ཕྱོགས་སྟོན་ཆས”དང་“མཁའ་དབུགས་ཀྱི་ཕྱོགས་སྟོན”དུ་འབོད། མདོ་ལ་རི་བོ་ནི་རང་རྒྱལ་གྱི་ཆབ་རོམ་ཁྱབ་ས་གལ་ཆེན་ཞིག་ཡིན་པས། ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་གཙོ་བོ་ཡང་ཆབ་རོམ་ཞིབ་འཇུག་ཡིན།
ནམ་ཟླ་ཇེ་དྲོད་སོང་བའི་རྐྱེན་ཀྱིས་ཆབ་རོམ་ཆེ་ཆེར་བཞུས་ཏེ་ཆབ་རོམ་བསགས་ཁུལ་མི་འདུག
བར་དམ་གངས་དཀར་རམ་བརྒྱད་གཅིག་ཆབ་རོམ་ནི་མདོ་ལ་རི་བོའི་ལྟེ་བར་ཆགས་ཤིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཁོངས་སུ་ཡོད་པ་དང་། མདོ་ལ་རི་རྒྱུད་དུ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱས་པ་སྔ་ཤོས་ཀྱི་ཆབ་རོམ་ཉག་ཅིག་ཡིན་ལ། རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་ཆུ་བོ་ཆེ་ཤོས་ཆུ་ནག་གི་མགོ་ཁུངས་ཀྱང་རེད། གསར་འགོད་པ་ཚན་ཞིབ་རུ་ཁག་གི་རྗེས་སུ་སྙེག་ཏེ་མཚོ་འཕགས་སྨི4600ཡི་འཁྱགས་པའི་གཡང་སར་འབྱོར་དུས། མིག་མདུན་གྱི་བརྒྱད་གཅིག་ཆབ་རོམ་དེ་དགུན་དུས་ཀྱི་དཀར་བོང་བོང་ངང་ལྷུན་གྱིས་ཆགས་པའི་ཆབ་རོམ་དང་མི་འདྲ་བར་ཆུ་སྒྲ་ལྷང་ལྷང་དུ་གྲགས་ཤིང་། བྲག་རྡོ་སོགས་ལང་ལོང་འཛིང་བའི་རྣམ་པ་ཞིག་མངོན་ཡོང་བས། ཆབ་རོམ་ཞུ་ཚད་ཅུང་ཛ་དྲག་གི་དུས་ཤིག་ལ་ཁེལ་འདུག

ད་ལོའི་ཟླ8པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཤར་རྒྱུད་ཀྱི་ས་ཁུལ་མང་ཤོས་ཀྱི་མཁའ་དབུགས་དྲོད་ཚད་དེ་ལོ་རྒྱུས་ཀྱི་དུས་མཉམ་དྲོད་ཚད་ཆེ་མཐོ་ཤོས་ཀྱི་ཚད་ལ་ཉེ་ཡོད་པས། མདོ་ལ་རི་བོའི་དབུས་རྒྱུད་ཀྱི“མཁའ་དབུགས་ཕྱོགས་སྟོན”དུ་འཛིན་པའི་བརྒྱད་གཅིག་ཆབ་རོམ་ལ་མཚོན་ན། ས་ངོས་ཀྱི་དྲོད་ཚད་དང་། ཆབ་རོམ་ཞུ་ཚད། བཞུས་ཆུའི་དྲོད་ཚད། བཞུས་ཆུའི་ཁྲོད་ཀྱི་ཚད་ཉུང་འབྱུང་རྒྱུ་ཡི་འདུས་ཚད་སོགས་གཞི་གྲངས་ཀྱིས་གནམ་གཤིས་དང་ཁོར་ཡུག་གི་འགྱུར་ལྡོག་ལ་ལན་ལྡོན་པ་དང་ཆབས་ཅིག བབ་བསྟུན་གྱི་ལྟས་དང་རྟགས་མི་འདྲ་བ་མངོན་ནས་ཉེན་བརྡ་རྒྱག་གིན་ཡོད་པས། དུས་སྐབས་འདིའི་གནམ་གཤིས་དང་། ཆུ་དཔྱད་ལྟ་ཞིབ་དང་ཚད་ལེན། གཞི་གྲངས་འཚོལ་སྡུད་བཅས་ཀྱི་ལས་ཀ་ནི་གལ་འགངས་ཤིན་ཏུ་ཆེ།

ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་གླིང་མཐོ་རིམ་བཟོ་སྐྲུན་པ་ཧན་ཁྲུན་ཐིན་གྱིས་འདི་སྐད། ཟླ6པར་ངས་ཚད་འཇལ་བྱེད་དུས། ས་དེའི་ཆུའི་དྲོད་ཚད་ཧ་ལམ་ཧྲེ་ཧྲི་ཏུའུ0ནས1བར་རེད། ཡིན་ན་ཡང་ད་ལྟ་ཆུ་ངོས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ3ལྷག་ལ་བསླེབས་ཡོད་པ་དང་། བཞུས་ཆུའི་དྲོད་ཚད་ཇེ་མཐོར་ཕྱིན་ཡོད་པས། ཆབ་རོམ་ཞུ་ཚད་ཇེ་མགྱོགས་སུ་ཕྱིན་ཡོད་པ་ཤེས་ཐུབ། གསར་འགོད་པས་ཚན་ཞིབ་ཡུལ་དངོས་སུ་རྒྱུན་ལོན་པ་ལྟར་ན། བརྒྱད་གཅིག་ཆབ་རོམ་ནི་ས་མཐོའི་ཆུ་མཛོད་དང་ཆུ་ནག་གི་མགོ་ཁུངས་ཡིན་པའི་ཆ་ནས་གོ་ལ་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་འོག ཉེ་བའི་ལོ་བཅུ་ཡི་ཚུན་ལ་ཆབ་རོམ་གྱི་རྒྱ་ཁྱོན་རིམ་གྱིས་ཇེ་ཆུང་དུ་ཕྱིན། ད་སྔ་བརྒྱད་གཅིག་གི་ཆབ་རོམ་གསོག་ཁུལ་ཡལ་ནས་མདོ་ལ་རི་བོའི་ཆབ་རོམ་མང་པོ་དང་མཉམ་དུ་ཉམས་རྒུད་དུ་འགྱུར་བཞིན་ཡོད།

ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་གླིང་གི་མགོ་གཙོ་གཞོན་པ། ལི་ཙུང་ཧྲེང་གིས་འདི་སྐད། ང་ཚོས་ཞིབ་འཇུག་འབོར་ཆེན་བྱས་པ་ལས་མངོན་པ་ནི། བརྒྱད་གཅིག་ཆབ་རོམ་འདུས་པའི་མདོ་ལ་རི་ཁུལ་གྱི་ཆབ་རོམ་དེ་དུས་རབས་འདིའི་དུས་དཀྱིལ་ཏེ། སྤྱི་ལོ2050དང་ཡང་ན2060ལོའི་སྔ་གཞུག་ཏུ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1ལས་ཆུང་བའི་ཆབ་རོམ་དག་ཕལ་ཆེར་བཞུ་ཚར་བའི་ཉེན་ཁ་ཡོད། རྒྱ་ཁྱོན་ཅུས་ཆེ་བའི་ཆབ་རོམ་སྟེ། དཔེར་ན་སྤྱི་ལེ་གྲུ་བཞི་མ20ལྷག་ཡོད་པའི་སྟག་ལུང་ཆབ་རོམ་ལྟ་བུར་མཚོན་ན། གལ་ཏེ་མཁའ་དབུགས་མུ་མཐུད་དུ་ཇེ་དྲོད་ཕྱིན་ན། དུས་རབས་འདིའི་དུས་མཇུག་ལ་རྩ་བ་ལས་བཞུ་ཚར་བའི་ཉེན་ཁ་ཡོད་ཅེས་བརྗོད།
གསར་འགོད་པས་ཡུལ་དངོས་བཅར་འདྲི་བྱས་ཏེ་ཆབ་རོམ་ངོས་ཀྱི་འཁྱགས་མཚེའུ་ཆེ་རུ་ཕྱིན་ཚུལ་ལ་དཔང་བྱས།
2016ལོར་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་གླིང་གི་ཞིབ་འཇུག་པས་མི་མེད་གནམ་གྲུས་སྐོར་ཞིབ་ཚད་ལེན་བྱས་པ་ན། བརྒྱད་གཅིག་ཆབ་རོམ་གྱི་ཤར་བྱང་གི་ངོས་སུ་རྒྱ་ཁྱོན་ཅུང་ཆེ་བའི་ཆབ་རོམ་བཞུས་ཆུ་བཞུར་ཁུལ་དུ་འཁྱགས་མཚེའུ་ཞིག་མཐོང་བ་དང་། ལོ་དུ་མར་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། བཞུས་ཆུ་འབབ་ས་དེ་ད་དུང་མུ་མཐུད་དུ་ཆེ་རུ་བསྐྱེད་པ་མངོན།
མི་མེད་གནམ་གྲུས་བར་སྣང་དུ་ཚད་ལེན་བྱས་པའི་བརྙན་རིས་གཞིར་བཟུང་སྟེ་ཆེད་མཁས་པས་དཔྱད་དཔག་བྱས་ན། འཁྱགས་མཚེའུ་ཡོད་སར་རྐང་ཐང་དུ་སྐྱོད་ན་མ་མཐའ་ཡང་ཆུ་ཚོད་གཉིས་དགོས། ད་ལྟའི་གནམ་གཤིས་འགྱུར་ལྡོག་ཆེ་བ་དང་། དུས་ངེས་མེད་ལ་སྨུག་པ་འཐིབས་པ། ཐོག་ཆར་དང་ཆར་རླུང་སོགས་འབྱུང་མང་པའི་དུས་ཚིགས་འདི་ལ་འཁྱགས་མཚེའུ་ཡོད་སར་བསྐྱོད་ན་འགྲན་རྩོད་ཆུང་ཆུང་ཞིག་མིན།

མཚོ་འཕགས་སྨི4800ཡན་དུ། རླུང་ཤུགས་ཆེན་པོ་དང་བརྡ་རྟགས་ཧ་ལམ་འབྱོར་དཀའ་བས། མུ་མེད་གནམ་གྲུ་ཡང་བདེ་འཇགས་ངང་འཕུར་སྐྱོད་བྱེད་དཀའ། གསར་འགོད་པས་ལམ་བར་དུ། དགུན་དུས་གངས་བརྩིགས་བརྒྱབ་ཅིང་དཀར་གཙང་གི་བརྒྱད་གཅིག་ཆབ་རོམ་དེ་ད་ལྟ་བཞུས་ནས་རྒྱ་ཁྱོན་ཇེ་ཆུང་དུ་ཕྱིན་པར་མ་ཟད། ཆབ་རོམ་ཞུ་ཤུལ་དུ་བྲག་རྡོ་སོགས་དམར་རྗེན་དུ་མངོན་འདུག་ལ། འཁྱགས་ངོས་སུ་བཞུར་ཆུ་དང་གས་སྲུབས། ཆེ་ཆུང་མི་འདྲ་བའི་ཆུ་རྐོ་གང་སར་མཐོང་ཐུབ།

ངོ་སྤྲོད་བྱས་པ་ལྟར་ན། 2016ལོར་རྙེད་པའི་ཆབ་རོམ་ངོས་ཀྱི་མཚེའུ་དེ་སྐབས་དེར་ཉིལ་མི་འདུག གོ་ལ་ཧྲིལ་བོའི་གནམ་གཤིས་དྲོད་འགྱུར་གྱི་ཤུགས་རྐྱེན་འོག དེའི་རྒྱ་ཁྱོན་ལོ་རེར་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། དེ་ལྟ་ན་ཡང་མི་མེད་གནམ་གྲུས་སྔོན་ཆད་ལྟ་ཞིབ་བྱེད་དུས། ཆབ་རོམ་ངོས་ཀྱི་མཚེའུ་གམ་དུ་ཆབ་རོམ་ཞུ་བ་ལ་བརྟེན་ནས་གས་སྲུབས་ཆེན་པོ་ཞིག་ཤོར་བ་མཐོང་།
ཧན་ཁྲུན་ཐིན་གྱིས་འདི་སྐད། ཆབ་རོམ་ངོས་ཀྱི་མཚེའུ་ཉིལ་རྗེས། འཁྱགས་མཚེའུ་མཐའ་འཁོར་གྱི་ཆབ་རིམ་ཡང་ཉིལ་འགྲོ་བ་རེད། གལ་ཏེ་ཆབ་རིམ་ཉིལ་ཚུལ་ཇེ་དྲག་ཏུ་གྱུར་ན། ཆབ་རོམ་གྱི་ཆ་ཤས་འདི་བརྒྱད་གཅིག་ཆབ་རོམ་ལས་ཆད་སྲིད་ལ། ཆད་ས་དེ་བྲག་འགག་ལྟ་བུའི་ཆབ་རིམ་ཆགས་སྲིད་པ་ཡིན་ཟེར།
ལོ་ངོ་བཅུའི་རིང་ལ་བརྒྱད་གཅིག་ཆབ་རོམ་གྱི་མཐུད་ཚད་སྨི10ལྷག་མར་ཆག་པ།
ཆེད་མཁས་པས་བསྟན་དོན། སྐབས་དེར་ཆབ་རོམ་གྱི་ངོས་དེ་རྒྱུ་ཆའི་མཆན་རྟགས་བཀོད་པ་ལྟར་ན་མཚོ་འཕགས་སྨི4828ན་ཡོད་མོད། ལོ་རེར་ཞུ་ཚད་དང་། ཆབ་རོམ་ཇེ་སྲབ་ཏུ་ཕྱིན་པའི་དབང་གིས་འཚོ་འཕགས་ཀྱང་སྨི4820ལས་དམན་པ་དང་། ལོ་ངོ་བཅུ་ཡི་ནང་དུ། འཁྱགས་གཟུགས་ཀྱི་མཐུག་ཚད་ཇེ་སྲབ་ཏུ་གྱུར་ནས་སྨི10ལས་བརྒལ་ཡོད་ཟེར།
ཕྱོགས་བསྡུས་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས་ཏེ་མདོ་ལ་རི་བོའི་ཆབ་རོམ་ལ་སྲུང་སྐྱོབ་བྱས།
ཆབ་རོམ་ཞུ་ཚུལ་ཇི་ལྟར་ཚོར་བ་ཡིན་ཞེ་ན། མདོ་ལ་རི་བོའི་མཚོ་འཕགས་མཐོ་སའི་ས་ཁུལ་དུ། ཆབ་རོམ་གྱི་མཐོ་སར་ཕྱོགས་བསྡུས་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་སྒྲོམ་སྟེགས་རབ་དང་རིམ་པ་ཞིག་བཙུགས་ཡོད་ཅིང་། དེ་ནི་ཆབ་རོམ་གྱི་འགྱུར་ལྡོག་ལ་ལྟ་ཞིབ་བྱེད་པའི“མིག”ལྟ་བུ་ཡིན།
མཚོ་འཕགས་སྨི4800ཡན་གྱི་ཆབ་རོམ་གྱི་མཐོ་ས་རུ་ཆབ་རོམ་ངོས་སུ་བཙུགས་པའི་ཕྱོགས་བསྡུས་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་མཐོང་ཐུབ། ཚན་ཞིབ་མི་སྣས་ལས་བགོས་ལྟར་ཕན་ཚུན་རམ་འདེགས་ཀྱིས་སྒྲིག་ཆས་ཞིབ་བཤེར་དང་གཞི་གྲངས་ཀྱི་མ་དཔེ་བསྡུ་ལེན་གྱི་ལས་ཀ་སྒྲུབ་བཞིན་པ་མཐོང་།

དོན་དངོས་སུ་བརྒྱད་གཅིག་ཆབ་རོམ་གྱི་ངོས་སུ་བསྐྲུན་པའི་གནམ་གཤིས་བརྟག་དཔྱད་ས་ཚིགས་ནི་མདོ་ལ་རི་བོའི་ཕྱོགས་བསྡུས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་གི་ཆ་ཤས་ཙམ་ཡིན། བརྒྱད་གཅིག་ཆབ་རོམ་དང་དྲང་ཐིག་གི་བར་ཐག་ཧ་ལམ་སྤྱི་ལེ160ལྷག་གི་བར་ཏེ། མདོ་ལ་རི་རྒྱུད་ཀྱི་དབུས་རྒྱུད་རྟ་ཐང་རི་བོའི་མཚམས་ཀྱི་རྐང་ཚ་རྫོང་གི་མཚོ་འཕགས་སྨི3800ལྷག་གི་ས་སྒང་དུ། ཀྲུང་གོ་ཚན་རིག་གླིང་གིས་གནམ་གཤིས་དང་། ཆུ་དཔྱད། ས་རྒྱུ་སོགས་ཕྱོགས་འདུས་སྣ་མང་གི་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་བཅས་གཅིག་ཏུ་གྲིལ་ཞིང་། གཞི་ཁྱོན་ཧ་ཅང་ཆེ་བ། བྱེད་ནུས་སྣ་མང་གི་ཕྱོགས་བསྡུས་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་བྱེད་ས་ཞིག་བསྐྲུན་ཡོད།

ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་གླིང་གི་ལས་རོགས་ཞིབ་འཇུག་པ་ཀུའེ་ཅུན་གྱིས་འདི་སྐད། ཕ་གི་དེ་ནི་ཕྱོགས་བསྡུས་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ཕུར་ལྕོག་ཅིག་རེད། ཆུ་ཚོད24ཡི་རིང་ལ་མཚམས་ཚིགས་མེད་པར་ཡུལ་ཕྱོགས་དེའི་སྐྱེ་ཁམས་མ་ལག་གི་གནམ་གཤིས་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཀྱིན་ཡོད། དེ་མ་ཟད། རྩྭ་སའི་མ་དཔེ་ཚད་ལེན་བྱེད་སར་རྒྱང་ཚོར་ཡོ་ཆས་སྦས་ཏེ་ཆུ་ཚོད24ཡི་རིང་ལ་མཚམས་ཚིགས་མེད་པར་ཐཱན་བརྒྱུད་ཚད་དང་དབྱང་གཉིས་ཐཱན་འགྱུར་གྱི་འགྱུར་ལྡོག་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད།
ཆབ་རོམ་ནི་གོ་ལ་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་གི“རྫི་གསིང་དོད་པའི་སྐྱེ་ཁམས་སྟོན་ཆས”དང“གནམ་གཤིས་ཕྱོགས་སྟོན”ཡིན་པའི་ཆ་ནས་མིའི་རིགས་ཀྱི་འཚོ་གནས་འཕེལ་རྒྱས་ལ་འབྲེལ་བ་དམ་པོ་ཡོད། གོ་ལ་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་གི་དབང་གིས་ཆབ་རོམ་ཞུ་ཚད་ཇེ་མགྱོགས་སུ་ཕྱིན་པ་དེས་མིའི་རིགས་ཀྱི་འཚོ་གནས་ལ་ཉེན་ཁ་ཆེན་པོ་ཞིག་སྤྲད། ཆེད་མཁས་པས་འདི་སྐད། ཆབ་རོམ་རང་སྟེང་ལ“སིམ་འབྱེད”ཀྱི་ནུས་པ་ཡོད་ཅིང་། འཕེལ་འགྱུར་ལ་ཚན་རིག་གི་ཆོས་ཉིད་མཆིས་པས་ང་ཚོས་དེ་ལ་ཞིབ་འཇུག་དང་། ངོས་ཟིན། སྲུང་སྐྱོབ་བཅས་བྱེད་དགོས་ཟེར།