“རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”ཞེས་པའི་སྐབས་གསུམ་པའི་རིམ་འདས་མཉམ་འགྲན་བདེ་བླག་ངང་མཇུག་སྒྲིལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9ཚེས6ཉིན། སྐབས་གསུམ་པའི“རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”སྐབས་གསུམ་པའི་རིམ་འདས་མཉམ་འགྲན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མོན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་མི་རིགས་ལུས་རྩལ་ཁང་དུ་མཇུག་བསྒྲིལ་བ་དང་། དུས་ཡུན་ཟླ་བ་བཞི་ཙམ་གྱི་འགྲན་བསྡུར་དེ་ཡོངས་སུ་ལེགས་གྲུབ་བྱུང་།

ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་འོང་བའི་ལུས་རྩལ་པ་དང་འགྲན་བསྡུར་ལས་དོན་མི་སྣ་རྣམས་གནས་འདིར་འཛོམས་ཏེ། ལྗང་མདོག་གི་འགྲན་རའི་ནང་འབད་འཐབ་བྱས་པར་ཕྱིར་དྲན་དང་བྱ་དགའི་གཟི་བརྗིད་ཐོབ་མཁན་དག་གི་དཔང་བོར་གྱུར། ཐེངས་འདིའི་འགྲན་བསྡུར་ནི་ཟླ5ཚེས10ཉིན་ཟི་ལིང་གྲོང་ཁྱེར་དུ་འགོ་བརྩམས་པ་དང་། ཞིང་ཆེན་ཡོངས་ནས་འཐུས་ཚབ་རུ་ཁག་བརྒྱད་ཀྱིས་སྔར་ཡོད་ཀྱི་མགྲོན་བདག་རེས་མོས་ལམ་ལུགས་ལྟར། ཁྱོན་བསྡོམས་སྐོར་ཐེངས་བཅུ་བཞི་དང་འགྲན་བསྡུར་ཐེངས་ང་དྲུག་སྤེལ་ཡོད། ཐེངས་འདིའི་འགྲན་བསྡུར་ཁྲོད་དུས་ཚོད་ཀྱི་བར་མཚམས་ཁྱོན་ཡོངས་ནས་མེད་པར་བཟོས་ཏེ་འགྲན་བསྡུར་གྱི་རྒྱུན་མཐུད་རང་བཞིན་ལ་འགན་ལེན་བྱས་པར་མ་ཟད། མཚོ་ཤར་འགྲན་ཁུལ་གྱིས་མཚན་མོའི་འགྲན་བསྡུར་ཡང་ཚོད་ལྟ་བྱས་པ་རེད།

འགྲན་བསྡུར་འདི་བརྒྱུད་ཞིང་ལས་དང་ལུས་རྩལ། ཡུལ་སྐོར། ཚོང་དོན། ཁམས་གསོ་བཅས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ། འགྲན་བསྡུར་བྱེད་ས་སོ་སོར་རྐང་རྩེད་སྤོ་ལོ་དང་མི་རིགས་རིག་གནས་འཁྲབ་སྟོན། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་འཚོང་། ཡུལ་སྐོར་དྲིལ་བསྒྲགས་སོགས་ཟུང་འབྲེལ་བྱས་པས། འགྲན་བསྡུར་གཅིག་གིས་གྲོང་ཁྱེར་ཞིག་དར་རྒྱས་གཏོང་བ་དང་དཔལ་འབྱོར་ལ་གསོན་ཤུགས་བསྩོལ་བའི་དམིགས་ཡུལ་མངོན་འགྱུར་བྱུང་ཞིང་། ས་ཆ་སོ་སོའི་བཟའ་བཏུང་དང་ཡུལ་སྐོར། ཚོང་ལས། འཛད་སྤྱོད་བཅས་ནུས་ལྡན་ངང་སྐུལ་སློང་བྱས་པས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།

ཨང་དང་པོ་སུས་ལེན་ཐུབ་པ་ནི་འགྲན་བསྡུར་འདིའི་དོ་སྣང་བྱེད་ས་ཆེ་ཤོས་ཡིན་ལ། ཡུས་ཧྲུའུ་གཡང་ནོར་རུ་ཁག་གིས་འགྲན་བསྡུར་ཐེངས་བཅུ་བཞི་ལས་དགུ་རྒྱལ་བཞི་མཉམ་གཅིག་ཕམ་གྱི་བསགས་སྐར་སོ་གཅིག་བླངས་ནས་བསགས་སྐར་ཆེས་མཐོ་བའི་རུ་ཁག་ཡིན་པས། ཐེངས་འདི་འགྲན་སྡུར་གྱི་ཨང་དང་པོ་ཐོབ་པ་དང་། མཚོ་སྔོན་རིམ་འདས་མཉམ་འགྲན་ལས་བསྟུད་མར་གསེར་བུམ་ཐེངས་གསུམ་ལ་བླངས་པ་རེད། མཚོ་ཤར་ཐེན་ཡིའུ་ཏུ་རུ་ཁག་གིས་ཨང་གཉིས་པ་བླངས་པ་དང་། ཟི་ལིང་གངས་གཟིག་རུ་ཁག་གིས་ཨང་གསུམ་པ་བླངས། སྤོ་འཛུལ་བསགས་སྐར་སྟེང་། མཚོ་ཤར་ཐེན་ཡིའུ་ཏུ་རུ་ཁག་གི་དབྱང་ཀོང་ཡུང་གིས་སྤོ་ལོ་བཅུ་འཕངས་ནས་གསེར་ལྷམ་རྟགས་མའི་བྱ་དགའ་ཐོབ་པ་དང་། ཡུས་ཧྲུའུ་གཡང་ནོར་རུ་ཁག་གི་འཇམ་དབྱངས་རྒྱ་མཚོས་སྤོ་ལོ་དྲུག་འཕངས་ཡོད། རྩེར་སོན་སྒོ་ར་བ་ནི་ཡུས་ཧྲུའུ་གཡང་ནོར་རུ་ཁག་གི་བསོད་ནམས་ལྷུན་འགྲུབ་ཡིན་པ་དང་། ཡུས་ཧྲུའུ་གཡང་ནོར་རུ་ཁག་གི་རྩལ་ཁྲིད་པ་ཀྲང་ཞུའེ་ཐིང་ལ་རྩེར་སོན་རྩལ་ཁྲིད་པའི་མཚན་སྙན་གནང་། ཀྲེང་ཁྲའོ་དང་ཞུས་ཧྲུན་ཐའོ། ལི་ཆི་ཞུའུ་བཅས་ལ་ཕུལ་བྱུང་ཤན་འབྱེད་པའི་མཚན་སྙན་གནང་། ཕུལ་བྱུང་རོགས་འདེགས་ཤན་འབྱེད་པ་དང་། ཕུལ་བྱུང་ལྟ་སྐུལ་ཤན་འབྱེད་པ། ཕུལ་བྱུང་འགྲན་བསྡུར་ལྟ་སྐུལ་བ་སོགས་ཀྱང་སོ་སོར་ཐོབ།

འགྲན་ཐེངས་ཧྲིལ་བོར། མགྲོན་བདག་རེས་མོས་ལམ་ལུགས་ཀྱིས་རྐང་རྩེད་སྤོ་ལོ་རྨ་ཙོང་གཤོང་ས་དང་མཚོ་སྔོན་ལྷོ་ཕྱོགས་ཀྱི་མཐོ་སྒང་སོགས་ས་ཁུལ་གྱི་ལུས་རྩལ་ར་བ་རེ་རེ་ནས་སྤེལ་བ་དང་། ས་བབ་མཐོ་བའི་འགྲན་ར་ལས་ལུས་རྩལ་པའི་ཟུངས་ནུས་སྦྱོང་བརྡར་བྱས་ཡོད་པར་མ་ཟད་སྙིང་སྟོབས་ཀྱང་སྦྱོང་བརྡར་བྱས་ཡོད། ས་གནས་སོ་སོའི་ལྟད་མོ་བས་ཡུལ་དངོས་སུ་སྐད་འབོད་རྒྱབ་སྐྱོར་བྱས་པས་ཐེངས་འདིའི་འགྲན་བསྡུར་ལ་གསོན་ཤུགས་རྒྱས་སུ་བཅུག མཚོ་སྔོན་རིམ་འདས་མཉམ་འགྲན་ཞེས་པའི་ཞིང་ཆེན་རིམ་པའི་མང་ཚོགས་རང་བཞིན་གྱི་སྤུས་ལེགས་ལུས་རྩལ་འགྲན་བསྡུར་འདི་ལོ་ངོ་གསུམ་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ད་ལྟ་མཚོ་སྔོན་གྱི་སྣང་བརྙན་མངོན་པ་དང་། མི་རིགས་མཐུན་སྒྲིལ་གྱི་འགྲིལ་ཤུགས་ཆེ་རུ་གཏོང་བ། མང་ཚོགས་རིག་གནས་དར་སྤེལ་གཏོང་བ། ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཕྱོགས་བསྡུས་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། མི་རིགས་ཁག་གི་མི་དམངས་དབར་འགྲོ་འོང་དང་སྤེལ་རེས། འབྲེལ་འདྲིས་བཅས་བྱེད་པའི་ལུས་རྩལ་གྱི་འབྲེལ་ཟམ་དུ་གྱུར་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དྲིན་ཚོར་མདུན་སྐྱོད་བྱེད་པ་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་ཉམས་འགྱུར་གང་ལེགས་ཀྱིས་མངོན་ཡོད། རྒྱུས་ལོན་པ་ལྟར་ན། འགྲན་བསྡུར་མཇུག་སྒྲིལ་རྗེས། རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཕུལ་བྱུང་རུ་ཁག་གིས་ཅང་སུའུ་རིམ་འདས་མཉམ་འགྲན་དང་ཧུའུ་ནན་རིམ་འདས་མཉམ་འགྲན་སོགས་རུ་ཁག་དང་ཕན་ཚུན་འཚམས་འདྲི་དང་སྐྱེལ་མ་བྱེད་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་འབྲེལ་ཡོད་བྱེད་སྒོ་སྤེལ། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།