ཟླ9པའི་ཚེས1ཉིན། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཚང་མས་སློབ་འགོ་བརྩམས་པ་དང་། མཚོ་སྔོན་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤེལ་བའི་དབྱར་གནང་གི་ཁྲིམས་སྐྱོང་བྱེད་སྒོ་བདེ་བླག་ངང་མཇུག་སྒྲིལ། ད་ལོའི་དབྱར་གནང་སྐབས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལོ་ཆུང་གཞོན་ནུའི་འཚར་ལོངས་སློབ་གསོའི་གོ་སྐབས་དམ་འཛིན་ནན་མོ་བྱས་པ་དང་། གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་དང་སྤྱི་བདེ། སློབ་གསོ། རིག་གནས་ཡུལ་སྐོར་སོགས་སྡེ་ཁག་མཉམ་འགུལ་བྱས་ཏེ། ས་ཁུལ་སོ་སོས་ནར་མ་སོན་པའི་མིའི་ཞིབ་དཔྱོད་བྱ་བའི་ཟོང་རྟགས་ལ་བརྟེན་ཞིང་། ཡུལ་བབ་དང་བསྟུན་ནས་ཁྲིམས་སྐྱོང་བྱེད་སྒོ་སྐོར་ཞིག་སྤེལ་བ་དང་། རྒྱུན་རྣམ་སློབ་ཁྲིད་དེ་འགུལ་རྣམ་ཉམས་ལེན་དུ་བསྒྱུར་ནས། ཁྲིམས་ལུགས་ཁྱབ་གདལ་དེ་ལོ་ཆུང་གཞོན་ནུར་བཅར་བ་དང་བྱིས་བློར་འཇགས་པར་བྱས།
ཟི་ལིང་ཞིབ་དཔྱོད་ལས་ཁུངས་ཀྱིས་ནར་མ་སོན་པའི་མིའི་ཞིབ་དཔྱོད་ཟོང་རྟགས་ཀྱིས་སྟོབས་ནུས་སྩོལ་བར་བརྟེན་ནས་ཁྲིམས་ལུགས་ཁྱབ་གདལ་དང་མི་སྣ་གསོ་སྐྱོང་བྱས། སློབ་མ་རྩ་འཛུགས་ཀྱིས་ཞིབ་དཔྱོད་གྱོད་སྒྲུབ་ཁུལ་དང་ལད་ཟློས་ཁྲིམས་ར། དུག་འགོག་སློབ་གསོའི་རྟེན་གཞི་བཅས་སུ་སོང་ནས། མི་སྣའི་འཁྲབ་སྦྱོང་དང་བདེ་འཇགས་དངོས་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད། ལོ་ཆུང་གཞོན་ནུ་རྣམས་ཀྱིས་ཐག་ཉེ་ས་ནས་ཁྲིམས་སྐྱོང་གི་རྣམ་པ་ཚོར་ཐུབ་པར་བྱས་པ་དང་། ཁྲིམས་ལུགས་རྒྱུན་ཤེས་དང་རང་ངོས་སྲུང་སྐྱོབ་ཀྱི་ནུས་པ་ཁོང་དུ་ཆུད་པར་བྱས། མཚོ་ཤར་གྱི་ས་གནས་སོ་སོའི་ནར་མ་སོན་པའི་མིའི་ཞིབ་དཔྱོད་ཞིབ་སློབ་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་མང་ཡིན། མིན་ཧི་ཡིས་ནར་མ་སོན་པའི་མིའི་ཞིབ་དཔྱོད་བྱེད་སྒོ་སྣ་མང་སྤེལ་བ་དང་། ལད་ཟློས་ཉན་དཔང་དང་ཁྲིམས་ལུགས་ཤེས་བྱའི་དྲིས་ལན་འདེབས་པ། རིག་ནུས་ཁྲིམས་ལུགས་ཁྱབ་གདལ་སོགས་སྤྲོ་སྣང་ལྡན་པའི་སློབ་ཁྲིད་མང་པོ་བཀོད་སྒྲིག་བྱས།
ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ཁྲིམས་ལུགས་ཁྱབ་གདལ་ལ་ཁྱད་ཆོས་མང་པོ་ལྡན་ཏེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་དཀའ་ཁག་ཡོད་པའི་ལོ་ཆུང་གཞོན་ནུ་རྣམས་ལ་དམིགས་ནས། སྤྱི་བདེ་དང་མཉམ་འགུལ་གྱིས་ཁྲིམས་སྐྱོང་བྱེད་སྒོ་སྤེལ་བ་དང་། ལྟ་བཤེར་ཉེན་སྲུང་སྦྱོང་བརྡར་དང་འཕྲལ་བསྟུན་ཉེན་གཡོལ་ཤེས་བྱ་སློབ་སྦྱོང་བྱས་པ་བརྒྱུད་དེ། ལོ་ཆུང་གཞོན་ནུའི་བདེ་འཇགས་འགོག་ཟོན་ནུས་པ་མཐོར་འདེགས་བཏང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་གསར་བརྗེའི་ཞིབ་སློབ་དང་ཁྲིམས་ལུགས་ཁྱབ་གདལ་མཉམ་འབྲེལ་གྱི་རྣམ་པ་གསར་གཏོད་བྱས་པ་དང་། སྨོན་ལམ་མཐོན་པོའི་གསར་བརྗེའི་ཞིབ་སློབ་རྟེན་གཞི་རུ་ཁྲིམས་སྐྱོང་སློབ་ཁྲིད་འཚོགས་ནས། གསར་བརྗེའི་སློབ་གསོ་དང་ཁྲིམས་སྐྱོང་སློབ་གསོ་མཉམ་འདྲེས་ཟབ་མོ་ཡོང་བར་བྱས། ས་གནས་མང་པོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཚན་རིག་ཤེས་བྱ་ཁྱབ་གདལ་དང་གཟུགས་འདས་ཤུལ་བཞག་རིག་གནས་ཉམས་ལེན། ཞིབ་སློབ་བཅས་ཁྲིམས་ལུགས་ཁྱབ་གདལ་གྱི་ཡུལ་དངོས་སུ་འདྲེས་པར་བྱས་ཏེ། མི་སྣ་གསོ་སྐྱོང་གི་ཐེག་ནུས་ཕུན་སུམ་ཚོགས་པར་བཏང་།
ཐེངས་འདིའི་དབྱར་གནང་བྱེད་སྒོར་ཁྲིམས་ལུགས་ཁྱབ་གདལ་གྱི་རྣམ་པ་གསར་གཏོད་བྱས་པ་དང་། ཁྲིམས་སྐྱོང་འཁྲབ་གཞུང་འཁྲབ་སྟོན་དང་ཟློས་གར་འཁྲབ་སྟོན་སོགས་ཀྱི་མཉམ་འགུལ་བྱེད་སྒོ་བརྒྱུད་དེ། ལོ་ཆུང་གཞོན་ནུ་རྣམས་ཀྱིས་རང་འགུལ་ངང་ཁྲིམས་ལུགས་སྦྱོང་བ་དང་ཁྲིམས་ལུགས་སྲུང་བར་ཁྲིད་སྟོན་བྱས། དུས་མཚུངས་སུ་ཁྱིམ་ཚང་དང་སློབ་གྲྭས་མཉམ་དུ་སྐྱེད་སྲིང་བྱེད་པའི་ཐབས་ལམ་གེགས་མེད་ཡོང་བར་བྱས་པ་བརྒྱུད། དམིགས་བསལ་གྱི་ལོ་ཆུང་གཞོན་ནུའི་ཚོགས་པར་བརྩེ་སེམས་ཟབ་མོ་བཅངས་ནས། ཞིབ་དཔྱོད་ཀྱི་དྲོད་ཁོལ་བརྒྱུད་སྤྲོད་བྱས། སློབ་སྐབས་གསར་བར། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བསྟུད་མར་ནར་མ་སོན་པའི་མིའི་ཁྲིམས་འཛིན་སྲུང་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་པ་དང་། རྒྱུན་རྣམ་ཅན་གྱིས་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་བྱས་ནས། སློབ་རའི་ཁྲིམས་སྐྱོང་འགོག་སྲུང་དྲ་རྒྱ་ཚགས་དམ་པོར་བསྐྲུན་པ་དང་། རྒྱ་ཆེའི་ལོ་ཆུང་གཞོན་ནུ་རྣམས་བདེ་ཐང་དང་སྤྲོ་སྐྱིད་ལྡན་པའི་ངང་འཚར་ལོངས་འབྱུང་བར་གཞོགས་འདེགས་བྱ་རྒྱུ་རེད།