སྐྱིད་གྲོང་འདམ་རུད་གནོད་འཚེའི་གནས་ཚུལ་གསར་ཤོས་ཁྱབ་བསྒྲགས་བྱས།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན།
ཟླ9པའི་ཚེས2ཉིན། བོད་ལྗོངས་སྐྱིད་གྲོང་རྫོང་གི་ཟླ8པའི་ཚེས26ཉིན་གྱི་འདམ་རུད་གནོད་འཚེའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས། གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ9པའི་ཚེས2ཉིན་གྱི་ཉིན་གུང་ཆུ་ཚོད12བར་གནོད་འཚེ་ལས་མི21རྐྱེན་ལམ་དུ་ཤོར་བ་དང་། མི541དང་འབྲེལ་བ་ཆད། ཤུལ་བཞག་དངོས་རྫས847ལག་སོན་བྱུང་བ་རེད།

མིག་སྔའི་བར་རོགས་སྐྱོབ་ལས་དོན་ཐད་རིམ་རྩིས་བྱས་ན་རོགས་སྐྱོབ་སྟོབས་ཤུགས་མི་གྲངས2300ལྷག་དང་། འཚོལ་སྐྱོབ་རླངས་འཁོར་ཐེངས་400ལྷག འཚོལ་སྐྱོབ་སྒྲིག་ཆས་ཆ་ཚང8000ལྷག མི་མེད་གནམ་གྲུ་འཕུར་སྐྱོད་ཐེངས800ལྷག དངོས་ཟོག་སྒྲིག་ཆས་སྟོང་པ་ཏུན5.43བཅས་བཏང་བ་དང་། ལྟེ་བའི་ས་ཁོངས་སུ་གློག་སྒྲོན4དང་། དམའ་གནོན་གློག་འདོན་རླངས་འཁོར1། གློག་གསོག་གྲུ་ཤག1བཅས་བཙུགས་པ་དང་། རྟེན་གཞིའི་ས་ཚིགས12ཀྱི་འཕྲིན་གཏོང་སླར་གསོ་བྱུང་བ། འཚོལ་སྐྱོབ་ལས་དོན་ལ་འགན་ལེན་གང་ལེགས་མཁོ་འདོན་བྱས་པ་རེད། གནོད་འཚེ་ཐོན་ཚུན་རིམ་རྩིས་བྱས་ན་མི་ཐེངས336བཏང་ནས། ལྟེ་བའི་ས་ཁོངས་སུ་གྲལ་བཤེར་ཞིབ་ཚགས་དང་རེ་རེ་བཞིན་འཚོལ་སྐྱོབ་ལས་ཀ་སྒྲུབ་པ་དང་། འཚོལ་སྐྱོབ་རྒྱ་ཁྱོན་རིམ་རྩིས་བྱས་ན་སྨི་གྲུ་བཞི་མ་ཁྲི159.1ཟིན་ཡོད་པ་རེད།

གནོད་འཚེ་ཐོན་རྗེས་རྒྱལ་ཁབ་ཕྱི་ནང་གི་འབྲེལ་བ་ཆད་པའི་མི་སྣའི་ནང་མིའི་ཞབས་ཞུའི་ཁ་པར་དུས་ཐོག་ཏུ་ཤར་གཏོང་ཐུབ་ཡོད། ཟླ9པའི་ཚེས2ཉིན་གྱི་ཉིན་གུང་ཆུ་ཚོད12བར། རིམ་རྩིས་བྱས་ན་ནང་མིའི་ཁ་པར་མི་ཐེངས876འབྱོར་བ་དང་། དེའི་ནང་རྒྱལ་ནང་དུ་ཁ་པར་མི་ཐེངས448དང་། ཕྱི་རྒྱལ་དུ་ཁ་པར་མི་ཐེངས428འབྱོར་བ་དང་། ནང་མི587ལ་སྣེ་ལེན་དང་བཀོད་སྒྲིག་བྱས། དེའི་ཁྲོད་དུ་རྒྱལ་ནང་གི་འབྲེལ་བ་ཆད་པ་དང་རྐྱེན་ལམ་དུ་ཤོར་མཁན་དང་འབྲེལ་བ་ཡོད་པའི་མི253ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།