ཟླ8པའི་ཚེས29ཉིན། རྫ་ཆུ་དང་མེ་ཀུང་ཆུ་བོའི་འགོ་ཁུངས་ཀྱི་མཉམ་ལས་གླེང་མོལ་བྱེད་སྒོ་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་སྤེལ། གླེང་མོལ་ལས་རྫ་ཆུ་དང་མེ་ཀུང་ཆུ་བོར་མཉམ་དུ་སྲུང་སྐྱོབ་བྱེད། སྐྱེ་ཁམས་མཐུན་སྦྱོར་དང་། འབབ་རྒྱུད་ཀྱི་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁོངས་བརྒལ་བའི་ཕན་ཚུན་དཔྱད་གཞིར་འཛིན་པའི་ཐུན་མོང་འདུ་ཤེས་གཅིག་ཏུ་བསྡུ་བ་ཞེས་པ་བརྗོད་དོན་དུ་བཟུང་ཡོད། རྫ་ཆུ་དང་མེ་ཀུང་ཆུ་བོའི་རྒྱལ་ཁབ་དྲུག་གི་སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཆེད་མཁས་སྐུ་མགྲོན་ཆུ་བོའི་འགོ་ཁུངས་སུ་མཉམ་དུ་འཛོམས་ཏེ། འབབ་རྒྱུད་ཀྱི་མཐུན་སྦྱོར་སྲུང་སྐྱོབ་དང་བཅོས་སྐྱོང་། ལྗང་མདོག་ལག་རྩལ་མཉམ་སྤྱོད་སོགས་གནད་འགག་གི་གྲོས་དོན་ལ་ཞིབ་འཇུག་དང་གྲོས་སྡུར་གཏིང་ཟབ་བྱས་ནས། རྫ་ཆུ་དང་མེ་ཀུང་ཆུ་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ཐད་ཐབས་འདོན་ཇུས་འབུལ་བྱས།
གླེང་མོལ་ལས་རྫ་ཆུ་དང་མེ་ཀུང་ཆུ་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལག་ལེན་དང་མ་འོངས་པའི་མཉམ་ལས་ཁ་ཕྱོགས་ལ་རྐང་བཙུགས་ཏེ། རྒྱལ་ཁབ་སོ་སོའི་སྐུ་མགྲོན་གྱིས་སོ་སོར་རང་ས་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཐབས་དང་། བཅོས་སྐྱོང་གྲུབ་འབྲས་མཚམས་སྦྱོར་བྱས་ཤིང་། རྒྱལ་ཁོངས་བརྒལ་བའི་བཅོས་སྐྱོང་ཁྲོད་ཀྱི་དངོས་ཡོད་མི་འདང་ས་དང་རྙོག་འཛིང་གི་དཀའ་གནད་གསལ་འགྲེལ་བྱས་ལ། འབབ་རྒྱུད་ཀྱི་ས་དབྱིབས་ཁྱད་ཆོས་དང་ཟུང་འབྲེལ་སྒོས་སྣ་མང་མཉམ་ལས་ཀྱི་ཐབས་ལམ་བཏོད་པར་གྲོས་སྡུར་བྱས།
གླེང་མོལ་ལས་རྫ་ཆུ་དང་མེ་ཀུང་ཆུ་བོའི་རྒྱལ་ཁོངས་བརྒལ་བའི་སྐྱེ་ཁམས་བཅོས་སྐྱོང་གི་གནད་འགག་བརྗོད་དོན་དང་དམ་པོར་སྦྲེལ་ཏེ། རིག་པ་གསལ་ཞིང་རིགས་གཞུང་གི་གཏིང་ཚད་དང་མ་འོངས་པའི་མིག་རྒྱང་ཡོད་པའི་སྒོ་ནས། རྒྱལ་ཁབ་དྲུག་གི་བཅོས་སྐྱོང་ཉམས་མྱོང་མཉམ་མཐུད་དང་། བཅོས་སྐྱོང་འདུ་ཤེས་འཚམ་འཕྲོད། ལག་ལེན་བསམ་ཕྱོགས་གསབ་རེས་བཅས་ལ་སྐུལ་འདེད་བཏང་། རྫ་ཆུ་དང་མེ་ཀུང་ཆུ་བོའི་རྒྱལ་ཁབ་སོ་སོས་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་། ཁོར་ཡུག་བཅོས་སྐྱོང་། རྒྱལ་ཁོངས་བརྒལ་བའི་ལྗང་མདོག་མཐུན་སྦྱོར་ཁྱབ་ཁོངས་ཀྱི་གསར་གཏོད་བྱེད་ཐབས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། རྫ་ཆུ་དང་མེ་ཀུང་ཆུ་བོའི་འབབ་རྒྱུད་ཀྱི་ལྗང་མདོག་མཉམ་གནས་ཀྱི་དམངས་འདོད་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཡུན་ཕན་ཅན་གྱི་རྒྱལ་ཁོངས་བརྒལ་བའི་བརྗེ་རེས་གྲོས་མོལ་གྱི་རྐྱེན་སྲོལ་བཙུགས་ནས། མ་འོངས་པའི་འབབ་རྒྱུད་ཡོངས་ཀྱི་སྐྱེ་ཁམས་མཉམ་འགོག་མཉམ་སྐྲུན་དང་། ལྗང་མདོག་ཐོན་ཁུངས་མཉམ་སྒུལ། རྒྱལ་ཁོངས་བརྒལ་བའི་རྒྱུད་མཐུད་ཐུབ་པའི་མཉམ་ལས་འཕེལ་རྒྱས་བཅས་ཀྱི་ཆེད་དུ་ནུད་ལྡན་གྱི་འདེགས་སྐྱོར་ཇེ་བརྟན་དུ་བཏང་།