རྫ་ཆུ་དང་མེ་ཀུང་ཆུ་བོའི་རྒྱལ་ཁབ་མང་པོའི་འཐུས་མིས་མཉམ་ལས་ཀྱི་གོ་སྐབས་གསར་པར་མཉམ་གྲོས་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས29ཉིན། རྫ་ཆུ་དང་མེ་ཀུང་ཆུ་བོའི་འགོ་ཁུངས་ཀྱི་མཉམ་ལས་གླེང་མོལ་བྱེད་སྒོའི་ཁྲོད། རྫ་ཆུ་དང་མེ་ཀུང་ཆུ་བོའི་རྒྱལ་ཁབ་མང་པོའི་སྲིད་གཞུང་གི་འཐུས་མི་དང་། ཆེད་མཁས་པ་སོགས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཛོམས་ཏེ། མཉམ་འབྲེལ་མཉམ་མཐུད་དང་། ཐོན་ལས་མཉམ་ལས། རྫ་ཆུ་དང་མེ་ཀུང་ཆུ་བོའི་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་བསྐྲུན་གྱི་བརྗོད་དོན་དམིགས་སུ་བཟུང་ནས། འབབ་རྒྱུད་ཀྱི་དངོས་གཉེར་མཉམ་ལས་ཐབས་ལམ་ལ་མཉམ་དུ་གྲོས་མོལ་བྱས།

ཐེངས་འདིའི་གྲོས་མོལ་ལས་འདྲ་མཉམ་བཟོད་སྒོམ་དང་། གཉིས་ཕན་མཉམ་རྒྱལ། ལས་སྐལ་གཅིག་མཐུན་བཅས་ཀྱི་མཉམ་ལས་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་ཁག་བགོས་མཐུན་སྦྱོར་དང་། མཉམ་སྒུལ་འཕེལ་རྒྱས། མཉམ་འབྲེལ་མཉམ་མཐུད། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་མུ་ཕྲེང་མཉམ་བསྐྲུན་གཙོར་བཟུང་ནས་ཞིབ་འཇུག་དང་གྲོས་སྡུར་ཟབ་མོ་བྱས། ཚོགས་ཞུགས་སྐུ་མགྲོན་གྱིས་རྫ་ཆུ་དང་མེ་ཀུང་ཆུ་བོའི་རྒྱལ་ཁབ་མང་པོའི་ཐོན་ལས་མཉམ་ལས་སྦྲེལ་མཐུད་ཀྱི་རྐྱེན་སྲོལ་བསྐྲུན་པར་བསམ་བློ་བརྗེ་རེས་བྱས་ཤིང་། རྒྱལ་ཁོངས་བརྒལ་བའི་གླིང་ཁུལ་གསར་སྐྲུན་གྱི་མཉམ་ལས་རྣམ་པར་མཉམ་དུ་གྲོས་སྡུར་བྱས། རྫ་ཆུ་དང་མེ་ཀུང་ཆུ་བོའི་འབབ་རྒྱུད་ཀྱི་རྒྱལ་ཁབ་སོ་སོས་ཁྱད་འཕགས་ཀྱི་ཐོན་དངོས་དགེ་མཚན་ལ་རྐང་འཛུགས་པ་དང་། ཕྱོགས་སོ་སོས་ཚད་གཞི་ཐུན་མོང་སྒོས་ངོས་འཛིན་དང་འཁྱགས་སྦྲེལ་མུ་ཕྲེང་གི་དངོས་ཟོང་འཁོར་རྒྱུག་མ་ལག་འཐུས་ཚང་དུ་འཛུགས་པ། ཉོ་ཚོང་འཁོར་སྐྱོད་ཀྱི་རྒྱུ་ལམ་རྒྱ་བསྐྱེད་པ་སོགས་ཀྱི་གྲོས་དོན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། དངོས་གཉེར་དང་སྤྱོད་གོ་ཆོད་པའི་མཉམ་ལས་བྱེད་ཐབས་མཉམ་སྤྱོད་བྱས།

དུས་མཉམ་དུ། ཕྱོགས་སོ་སོས་རིག་གནས་ཡུལ་སྐོར་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་གཏོང་རྒྱུ་གཙོར་བཟུང་སྟེ། རིག་གནས་ཀྱི་IPབསྐྲུན་པ་དང་། གཟུགས་འདས་ཤུལ་བཞག་རིག་དངོས་གསར་སྤེལ་བྱེད་པ། རྒྱལ་ཁོངས་བརྒལ་བའི་ཐོན་རྫས་བརྗེ་རེས་ཉོ་ཚོང་བྱེད་པའི་བསམ་གཞིགས་ལ་དམིགས་ནས། རྒྱལ་ཁབ་སོ་སོའི་རིག་གནས་ཡུལ་སྐོར་གྱི་བདག་གཉེར་བྱེད་པོས་སྦྲེལ་མཐུད་མཉམ་ལས་ལ་ཤུགས་བསྣན་ཏེ། འགྲུལ་ཁོངས་ཕན་ཚུན་སྐྱེལ་རེས་དང་ལམ་ཐིག་མཉམ་སྐུལ། སྤུས་རྟགས་མཉམ་གཏོད་བཅས་ལ་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བཏང་ནས། རྫ་ཆུ་དང་མེ་ཀུང་ཆུ་བོའི་འབབ་རྒྱུད་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཕྱོགས་མང་པོའི་ཐུན་མོང་འདུ་ཤེས་གཅིག་སྡུད་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།